འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་19ཉིན།

༄༅།།2019ལོའི་《མི་རིགས་ཀྱི་རྩོམ་རིག》བོད་ཡིག་དུས་དེབ་ཀྱི་རྩོམ་པ་པོ་དང་ལོ་ཙཱ་བའི་གསོ་སྦྱོང་
འཛིན་གྲྭ་པེ་ཅིང་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་19ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
དབུ་འབྱེད་མཛད་སྒོའི་ཡུལ་དངོས།
དབུ་འབྱེད་མཛད་སྒོའི་ཡུལ་དངོས། 
     མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་ལ་རྟེན་འབྲེལ་ཞུ་ཆེད། ཟླ་8ཚེས་17ཉིན། 《མི་རིགས་ཀྱི་རྩོམ་རིག》དུས་དེབ་ཁང་གིས་གཙོ་སྒྲུབ་བྱས་པའི་“2019ལོའི་《མི་རིགས་ཀྱི་རྩོམ་རིག》བོད་ཡིག་དུས་དེབ་ཀྱི་རྩོམ་པ་པོ་དང་ལོ་ཙཱ་བའི་གསོ་སྦྱོང་འཛིན་གྲྭ”ཡི་དབུ་འབྱེད་མཛད་སྒོ་པེ་ཅིང་དུ་སྤེལ་ཞིང་། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཏང་ཙུའུ་ཡི་ཁོངས་མི་དང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི།  ཀྲུང་གོའི་རྩོམ་པ་པོ་དཔེ་སྐྲུན་ཚོགས་པའི་ཏང་ཨུའི་ཧྲུའུ་ཅི། དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ཝུའུ་དབྱི་ཆིན། ཀྲུང་གོའི་རྩོམ་པ་པོ་དཔེ་སྐྲུན་ཚོགས་པའི་ཏང་ཨུ་ཧྲུའུ་ཅི་གཞོན་པ། རིག་རྩལ་ཚགས་པར་གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ལིའང་ཧུང་ཡིང་། 《མི་རིགས་ཀྱི་རྩོམ་རིག》དུས་དེབ་ཀྱི་གཙོ་སྒྲིག་པ་ཧྲི་དབྱི་ཉིང་། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཝན་ཡིང་། 《མི་རིགས་ཀྱི་རྩོམ་རིག》དུས་དེབ་ཀྱི་གཙོ་སྒྲིག་གཞོན་པ་ཧ་ཝུན་སོགས་མཛད་སྒོ་ལ་ཞུགས་ཡོད། དབུ་འབྱེད་མཛད་སྒོ་ནི་《མི་རིགས་ཀྱི་རྩོམ་རིག》དུས་དེབ་ཀྱི་གཙོ་སྒྲིག་པ་གཞོན་པ་ཁྲེན་ཡ་ཅུན་གྱིས་གཙོ་སྐྱོང་བྱས།
    《མི་རིགས་ཀྱི་རྩོམ་རིག》བོད་ཡིག་པར་མ་2009ལོར་གསར་དུ་བཏོན་པ་ནས་བཟུང་། ཁྱོན་བསྡོམས་དུས་དེབ་61བཏོན་ཞིང་། ལོ་ཙཱའི་བརྩམས་ཆོས་500ལྷག་དང་ཕ་སྐད་བརྩམས་ཆོས་100ལྷག་སྤེལ་ཏེ་བོད་ཀྱི་རྩོམ་པ་པོ་དང་རྒྱལ་ནང་གི་རྩོམ་པ་པོ་མ་ཚད། ད་དུང་འཛམ་གླིང་ས་ཕྱོགས་ཀུན་གྱི་རྩོམ་པ་པོའི་བར་བགྲོ་གླེང་སྤེལ་རེས་ཀྱི་སྤྱི་སྟེགས་ཞིག་བསྐྲུན་ཡོད་པ་དང་།  ཕན་ཚུན་བར་སློབ་སྦྱོང་དང་དཔྱད་གཞི་འཛིན་སའི་སྒེའུ་ཁུང་ཞིག་ཕྱེ་ཡོད། དུས་དེབ་བཏོན་པའི་ལོ་ངོ་10ཡི་རིང་། ལོ་ཙཱ་བ་བརྒྱ་ལྷག་ལོ་ཙཱའི་ལས་དོན་ལ་ཞུགས་ནས་རྩོམ་རིག་བློ་སྦྱོང་དང་ལོ་ཙཱའི་ཆུ་ཚད་གཉིས་ཀ་འཛོམས་པའི་ལོ་ཙཱ་བའི་རུ་ཁག་ཅིག་གྲུབ་ཡོད།
    《མི་རིགས་ཀྱི་རྩོམ་རིག》བོད་ཡིག་དུས་དེབ་ཀྱིས་བརྟན་ཞིང་གོ་རིམ་ལྡན་པའི་ངང་དཔེ་སྐྲུན་འགྲེམས་སྤེལ་བྱེད་པ་དང་བསྟུན། ཕ་སྐད་དང་ལོ་ཙཱའི་བརྩམས་ཆོས་རྩེ་གྲ་རབ་དང་རིམ་པ་སྤེལ་བས། བོད་ཀྱི་རྩོམ་རིགས་ལས་རིགས་དང་རྒྱ་ཆེ་བའི་ཀློག་པ་པོ་རྣམས་ཀྱིས་གདེང་འཇོག་ཡག་པོ་ཐོབ་ཡོད། 《མི་རིགས་ཀྱི་རྩོམ་རིག》བོད་ཡིག་དུས་དེབ་ནི་གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེ་སྲུང་སྐྱོང་བྱེད་པའི་མི་རིགས་སྲིད་ཇུས་གལ་ཆེན་དེ་དངོས་སུ་ལག་བསྟར་དོན་འཁྱོལ་བྱས་པའི་མཚོན་བྱེད་ཡིན་ལ། དེས་བོད་ཀྱི་རྩོམ་རིག་དར་སྤེལ་གཏོང་ཆེད་དང་། མི་རིགས་མཐུན་སྒྲིལ་གོང་དུ་སྤེལ་བར་རང་གི་ནུས་པ་བཏོན་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ནི་ཉིན་5ཡིན་ཞིང་། བོད་ལྗོངས་དང་མཚོ་སྔོན། སི་ཁྲོན། ཀན་སུའུ་སོགས་ནས་ཁྱོན་བསྡོམས་སློབ་མ་20ལྷག་ཞུགས་ཡོད་ཅིང་། གསོ་སྐྱོང་འཛིན་གྲྭ་ཡིས་བོད་ཀྱི་རྩོམ་རིག་གསར་གཏོད་དང་ལོ་ཙཱའི་དགོས་མཁོ་ལ་གཞིགས་ནས། སློབ་ཁྲིད་བཀོད་སྒྲིག་ལེགས་པོ་བྱས་ཡོད་པ་སྟེ། རིག་རྩལ་ཚགས་པར་གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ལིའང་ཧུང་ཡིང་དང་ཀྲུང་དབྱང་ཏང་གི་སློབ་གྲྭའི་རིག་གནས་ལོ་རྒྱུས་པུའུ་ཡི་ཀྲུའུ་རེན་གཞོན་པ་མེ་ཅིང་ཀྲུང་། མཚོ་སྔོན་ཞིང་ཆེན་རྨ་ལྷོ་རྫོང་ས་གནས་ལོ་རྒྱུས་གཞུང་ལས་ཁང་གི་དེ་སྔའི་ཀྲུའུ་རེན་དང་གཙོ་སྒྲིག་པ། རྩོམ་པ་པོ་གྲགས་ཅན་ཚེ་རིང་དོན་འགྲུབ། དེ་བཞིན་དུ་མཆོད་མེ་བོད་ཀྱི་རྩོམ་རིག་དྲྭ་བའི་གཙོ་སྒྲིག་པ། སྙན་ངག་པ་གྲགས་ཅན་སྐྱབས་ཆེན་བདེ་གྲོལ་སོགས་རིགས་གཅིག་མཁས་པ་གྲགས་ཅན་ཆེད་དུ་གདན་ཞུས་ནས་གསོ་སྦྱོང་འཛིན་གྲྭའི་སློབ་མ་རྣམས་ལ་ཆེད་དོན་སློབ་ཁྲིད་བྱས་ཤིང་། སློབ་ཁྲིད་ཀྱི་ནང་དོན་ལ་ཕ་སྐད་རྩོམ་པ་པོའི་གསར་རྩོམ་དང་ལོ་ཙཱའི་ཐབས་ཤེས་སྐོར་ཡོད་པ་མ་ཟད། ད་དུང་ཀྲུང་གོའི་གནའ་དེང་རྩོམ་རིག་གི་བསྟན་བཅོས་དང་རིག་གནས་ཀྱི་བློ་གྲོས་སོགས་ནང་དོན་ཕུན་སུམ་ཚོགས་པོ་འདུག གཞན་ཡང་། རྩོམ་པ་པོ་དང་ལོ་ཙཱ་བའི་བར་གྱི་བགྲོ་གླེང་དང་རྒྱུས་ལོན་གོང་འཕེལ་གཏོང་ཆེད་བཞུགས་མོལ་ཚོགས་འདུ་དང་ཞིབ་གྲོས་ཚོགས་འདུ། རྩོམ་རིག་ལག་ལེན་བྱ་འགུལ་བཅས་ཀྱང་བཀོད་སྒྲིག་བྱས་འདུག
【1】  【2】
དབུ་འབྱེད་མཛད་སྒོའི་ཡུལ་དངོས།
དབུ་འབྱེད་མཛད་སྒོའི་ཡུལ་དངོས།