འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་16ཉིན།

༄༅༎བདེ་ཆེན་ས་མཐོའི“སེམས་ཀྱི་རྟོད་ཕུར” 

—— ཆ་འཕྲིན་འཕྲིན་གཏོང་རྟེན་གཞི་ཞིག་གི་ཡིང་ཤོག་བཞི་པའི་ལེན་ཤོག་ལྔ་པའི་ལེན་ཀྲང་ཝུང་ཁྲུན་ཧྥང་གི་སྐོར་བཀོད་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་16ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ལེན་ཤོག་ལྔ་པའི་བཅའ་སྡོད་བྱ་ཡུལ་བདེ་ཆེན་ས་མཐོར་ཡོད་ལ། དེ་གའི་ས་བབ་མཐོ་ཚད་སྨི་3400ལྷག་ཙམ་ཟིན་པས། མཁའ་རླུང་ལ་གསོ་རླུང་འདུས་ཚད་ཐང་གཤོངས་ཁུལ་གྱི་70%ལས་མེད།
     ལེན་ཤོག་ལྔ་པའི་དཔོན་དམག་གིས་ཡུན་ནན་ནས་བོད་དུ་ཁྲིད་པའི་དམག་སྤྱོད་འོད་སྐུད་སྲུང་སྐྱོང་བྱེད་འགན་འཁུར་ཡོད། སྤྱིའི་རིང་ཚད་ལ་སྤྱི་ལེ་340ལྷག་ཡོད་པའི་འོད་སྐུད་འབྲི་ཆུ་དང་རྫ་ཆུ་སོགས་གཙང་པོ་མང་པོ་བརྒྱུད་དེ་ས་བབ་མཐོ་ཚད་སྨི་1800ནས་4200བར་གྱི་རི་མཐོའི་གྲོག་རོང་ཁུལ་ནས་ཁྲིད་ཡོད་པས། དེ་གར་ལོ་འཁོར་མོ་ཡུག་ཏུ་མི་ཧ་ཅང་ཉུང་། དེ་གར་དཀའ་བ་ཆེ་ཤོས་ནི་འོད་སྐུད་ཤར་གཏོང་ཐུབ་པའི་འགན་ལེན་བྱེད་པ་ཙམ་མ་ཡིན་པར། སྲུང་སྐྱོང་བྱེད་མཁན་གནས་ཐུབ་པར་བྱེད་པ་དེ་རེད།
     ལོ་ལྔའི་གོང་། ཝུང་ཁྲུན་ཧྥང་ལས་གནས་ཐོག་ཞུགས་མ་ཐག་ལེན་ཤོག་ཡོངས་ཀྱི་དམག་ཞབས་ཐིམ་པའི་མི་བཅུ་གྲངས་ཁ་ཤས་ལས་མང་ཆེ་བ་མུ་མཐུད་སྡོད་འདོད་མེད། ད་ཆ་འབྲེལ་ཡོད་ལས་ཁུངས་ཀྱི་ངོ་མི་ཤེས་པའི་འཐབ་འཛིང་པས་ཀྱང་ཁ་པར་བརྒྱབ་ནས་རང་ཉིད་འོས་སྦྱོར་དང་ཡང་ན་ས་མཐོར་འགྲོ་བའི་རེ་བ་འདོན་གྱི་ཡོད། དཔོན་དམག་ཚོས་ཝུང་ཁྲུན་ཧྥང་ནི་ས་མཐོའི“སེམས་ཀྱི་རྟོད་ཕུར”ཞིག་དང་འདྲ་བར་ཚང་མས་བློ་མོས་ཡིད་སྤྲོའི་ངང་གཞིས་ཚུགས་ནས་ལས་དོན་ཏན་ཏན་ཏིག་ཏིག་སྤེལ་གྱི་ཡོད་ཅེས་བརྗོད།
     “འགག་རྩའི་དུས་སུ་ངས་གདོང་དུ་མཆོང་ཕོད་ལ་ཚང་མས་ཀྱང་འཛེམ་དོགས་མེད་པར་གང་བསྒོས་ཅི་སྒྲུབ་བྱེད་ཐུབ”
     རིམ་གསུམ་ཅུན་ཧྲི་ཀྲང་ཁྲེན་ཝུན་ཞུང་ནི་ལེན་ཤོག་ལྔ་པའི་གཙང་པོ་བརྒལ་བའི་འོད་སྐུད་སྲུང་སྐྱོང་གི་ཉམས་མྱོང་ཡོད་པའི་མི་ཁ་ཤས་ཁྲོད་ཀྱི་གཅིག་རེད།
     འོད་སྐུད་འདོགས་སའི་རྣོ་སྐུད་དེ་དར་མ་ཞིག་གི་མཛུབ་མོའི་སྦོམ་ཚད་ཙམ་ཡོད་ལ། དྲག་ཏུ་རྒྱུག་པའི་རྫ་ཆུའི་སྟེང་དུ་དཔྱངས་པར་ཆེས་དམའ་སར་ཡང་ཐོག་སོ་10ཙམ་གྱི་མཐོ་ཚད་ཡོད།
     “གལ་སྲིད་རླུང་བུ་ལྡང་ཚེ། རྣོ་སྐུད་གཡོ་འགུལ་བྱེད་ཚད་རྟག་ཏུ་སྨི་གཅིག་ལྷག་ཟིན་གྱི་ཡོད” དེའི་སྟེང་དུ་འཛེག་ཐེངས་རེར་ཐེངས་དང་པོ་འཛེག་པ་ཇི་བཞིན་དངངས་སྐྲག་ཆེན་པོ་སྐྱེ་གི་འདུག ཡིན་ན་ཡང་ལེན་ཀྲང་ཡོད་ཚེ་སེམས་ལྷོད་ལ་འབབ་ཀྱི་འདུག “གལ་སྲིད་ལས་འཛོལ་ཐོན་ཚེ། ཁོང་འཕྲལ་དུ་ཡོང་ངེས་རེད”ཅེས་ཁྲེན་ཝུན་ཞུང་གིས་བརྗོད།
     ཉིན་དེར། ལེན་ཤོག་ལྔ་པའི་སྐོར་ཞིབ་རུ་ཁག་འོད་སྐུད་ཀྱི་ཉེ་འགྲམ་དུ་ཨར་པོ་རྒྱག་མཁན་མི་འགའ་དང་ཕྲད། ཏུན་བཅུ་གྲངས་ཡོད་པའི་ལྗིད་ཐེག་རླངས་འཁོར་གྱིས་འོད་སྐུད་འཁྲིད་སར་ཀོང་ཀོང་བཟོས་ཡོད་པས། གལ་སྲིད་ཁ་མ་བཀག་ཚེ་འཕྲིན་གཏོང་བདེ་འཇགས་ལ་གནོད་འཚེ་བཟོ་ངེས་རེད། དེ་བས་ཁྲེན་ཝུན་ཞུང་གིས་རླངས་འཁོར་ཁ་འགོག་དགོས་ པའི་ལག་བརྡ་བྱས་ཀྱང་། བསམ་ཡུལ་ལས་འདས་པ་ཞིག་ལ། ཁ་ལོ་བས་དེ་ལས་ལྡོག་སྟེ་རླངས་འཁོར་མགྱོགས་སུ་བཏང་བས་ཁྲེན་ཝུན་ཞུང་སྨི་བཞི་ལྔ་ཙམ་གྱི་སར་དབྱུགས།
     ཝུང་ཁྲུན་ཧྥང་གིས་ཁྲེན་ཝུན་ཞུང་ལ་རྨས་སྐྱོན་ཕོག་མེད་པ་ཤེས་རྗེས། མྱུར་དུ་རླངས་འཁོར་གྱི་ཁ་ལོ་སྒྱུར་ཁང་དུ་འཛེགས་ནས་ལྡེ་མིག་མར་བཏོན་རྗེས། ཁ་ལོ་བ་མར་དྲུད་ཡོང་བ་རེད།
     “ཁྱེད་ཚོ་ཁྲིམས་དང་འགལ་འདུག”ཅེས་ཝུང་ཁྲུན་ཧྥང་གིས་སྤོབས་པ་ཆེན་པོས་བརྗོད།
     མཇུག་མཐར། ཁ་ལོ་བ་དཔའ་ཞུམ་ནས་ཨར་ལས་བྱེད་མཚམས་བཞག་པ་རེད།
     “འགག་རྩའི་དུས་སུ་ངས་གདོང་དུ་མཆོང་ཕོད་ལ། ཚང་མས་ཀྱང་འཛེམ་དོགས་མེད་པར་གང་བསྒོས་ཅི་སྒྲུབ་བྱེད་ཐུབ” “ལས་འགན་ཇི་ལྟར་དཀའ་ཚེགས་ཆེ་ཡང་། ལེན་ཀྲང་གི་འགན་འཁུར་མཁན་ང་ནམ་ཡང་དཔའ་མི་ཞུམ་པར་མདུན་དུ་སྐྱོད་ངེས་ཡིན”ཞེས་ཝུང་ཁྲུན་ཧྥང་གིས་བརྗོད།
     ཝུང་ཁྲུན་ཧྥང་གི་སྣེ་ཁྲིད་འོག ལེན་ཤོག་ལྔ་པར་བསྟུད་མར་ལོ་ལྔའི་ནང་ཤི་རྨས་ཚབས་ཆེན་བྱུང་བ་སོགས་ཀྱི་གནད་དོན་གཅིག་ཀྱང་ཐོན་མྱོང་མེད།
     “མི་གཅིག་ལང་དུ་བཏང་ཚེ་ལེན་ཤོག་ཡོངས་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད”
     2015ལོར། སྐབས་དེར་ལེན་ཏུའེ་ཡི་དྲུང་ཡིག་ལི་ཡུང་ཡུང་གིས་ཝུང་ཁྲུན་ཧྥང་བཙལ་ནས་ལས་གནས་བརྗེ་རྒྱུའི་རེ་བ་ཞུས། ཚབ་བྱེད་མི་སྣ་འོས་འཚམ་ཞིག་མ་རྙེད་རྐྱེན་ཝུང་ཁྲུན་ཧྥང་གིས་ཁས་མ་བླངས། ལི་ཡུང་ཡུང་གིས་ལེན་ཀྲང་གིས་རང་ལ་བསམ་གནག་བྱེད་ཀྱི་འདུག་བསམས་ནས་ཝུང་ཁྲུན་ཧྥང་གི་ཁ་ལ་མ་ཉན།
     རྗེས་སུ། ལི་ཡུང་ཡུང་གི་ཨ་མ་རླངས་འཁོར་གྱི་ལས་འཛོལ་ཐོན་ནས་གྲོངས། ཝུང་ཁྲུན་ཧྥང་གིས་ཀུན་གྱི་སྣེ་ཁྲིད་དེ་ཞལ་འདེབས་བརྒྱབ་པ་མ་ཟད། ད་དུང་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་བྱས་ནས་ལི་ཡུང་ཡུང་ཁྱིམ་གྱི་དཀའ་ངལ་སེལ་རོགས་བྱས། དེ་ནས་བཟུང་། ལི་ཡུང་ཡུང་གིས་སེམས་ནད་སངས་དྲག་ཏུ་ཕྱིན་ནས་ལས་ཀ་གང་དཀའ་དཀའ་ཚང་མ་རང་འགུལ་གྱིས་བསྒྲུབས།
     “ལས་གནས་བརྗེ་བའི་རེ་ཞུ་གང་འདོད་དུ་དང་ལེན་མི་བྱེད་པ་ནི་ལེན་ཀྲང་ཞིག་གི་འགན་འཁྲི་རེད། ལས་ཀའི་འགལ་བ་འཚོ་བའི་ཁྲོད་ནས་མི་གླེང་བ་ནི་འཐབ་གྲོགས་ཤིག་གི་མཛའ་བརྩེ་རེད” “མི་གཅིག་ལང་དུ་བཏང་ཚེ། ལེན་ཏུའེ་ཡོངས་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད། ལམ་ལུགས་དང་སྒྲིག་ལམ་གྱི་མདུན་དུ་མི་སུ་ལ་ཡང་དམིགས་བསལ་མེད”ཅེས་ཝུང་ཁྲུན་ཧྥང་གིས་བརྗོད།
     སྒྲིག་ལམ་ལ་ཡག་པོ་བརྩིས་ཚེ། དར་སྲོལ་དང་གོང་བུ་སྒྲིལ་ཤུགས་ཡག་པོ་ཆགས་ཐུབ། ལོ་ལྔའི་ནང་། ལེན་ཤོག་ལྔ་པར་ལོ་ལྔ་བསྟུད་མར“གཞི་རིམ་འཛུགས་སྐྱོང་གི་སྔོན་ཐོན་ཚན་པ”ཐེངས་5དང་མཉམ་སྡེབ་བྱས་རྗེས་རིམ་པ་གསུམ་པ་ཐེངས་2ཐོབ་ཡོད།
     “ལེན་ཏུའེ་ཡི་སྣེ་ཁྲིད་པར་བརྩེ་སེམས་ཡོད་དགོས། བརྩེ་སེམས་ཡོད་ཚེ་རུ་མི་ཚོ་གཞི་ནས་སྡོད་འདོད་ཡོད”
     རུ་སྣེ་ཁྲིད་དེ་སྐོར་ཞིབ་བྱེད་སྐབས་ལེན་ཏུའེ་རུ་ལོག་ནས་ཁ་ལག་ཟ་ཁོམ་མེད་པས། ཝུང་ཁྲུན་ཧྥང་གིས་རི་ཐང་དུ་བྱ་ཤའི་ཕིང་ཐུག་བསྐོལ་ནས་འཐུང་གི་ཡོད། ཁོང་གིས་བསྐོལ་བའི་བྱ་ཤའི་ཕིང་ཐུག་གིས་རུ་མི་མང་པོ་མུ་མཐུད་དེ་གར་སྡོད་པའི་ཡིད་དབང་བཀུག་ཡོད།
     ཁྲའོ་ཡུས་ཧང་གིས་སྐོར་ཞིབ་བྱེད་ཐེངས་དང་པོའི་ཉིན་རེད། ལམ་ཞེང་ཆུང་ཞིང་ཧ་ཅང་གཟར་རྐྱེན། ཆུང་དུས་ནས་མཐོ་སར་འཛེག་རྒྱུར་སྐྲག་པའི་ཁྲའོ་ཡུས་ཧང་གི་གོམ་སྟབས་ཇེ་དལ་ནས་ཇེ་དལ་དུ་གྱུར་ཏེ། གོག་འདྲུད་བརྒྱབ་ནས་ཆུ་ཚོད་ལྔ་ལྷག་ཙམ་བསྐྱོད་མཐར་གཞི་ནས་མི་གཞན་གྱིས་ཆུ་ཚོད་གཉིས་ནང་སྒྲུབ་ཚར་བའི་སྐོར་ཞིབ་ལས་འགན་བསྒྲུབས་ཡོད། ཁོང་འདུ་འཛོམས་བྱ་ཡུལ་དུ་སླེབས་སྐབས་ཉི་མ་སྔ་ས་ནས་བཞུད་ཟིན་པས། ཁོང་གིས་བཀའ་སྐྱོན་གནང་ཐག་ཆོད་རེད་བསམས་མོད། ཡིན་ན་ཡང་ལེན་ཀྲང་དང་འཐབ་གྲོགས་ཚོས་ཤ་ཚ་བའི་འཚམས་འདྲི་བྱས་པ་མ་ཟད། ད་དུང་ཕིང་ཐུག་ཚ་པོ་ཡང་བསྐོལ་ནས་བླུགས་པ་རེད།
     སྔོན་ཆད་ཁྲའོ་ཡུས་ཧང་ས་མཐོའི་དམག་མི་བྱས་པར་འགྱོད་པ་སྐྱེས་ནས་རྟག་པར་དམག་ཁོངས་ནས་དོན་གྱི་ཡིན་ཞེས་བཤད་ཡོད་ཀྱང་། རྗེས་སུ་ཁོང་གིས་རང་འགུལ་ངང་མུ་མཐུད་སྡོད་པའི་རེ་ཞུ་བྱས། ད་ཆ་ཀྲུང་ཧྲི་དམག་མི་ཡིན་པ་རེད།
     “ལེན་ཏུའེ་ཡི་སྣེ་ཁྲིད་པར་བརྩེ་སེམས་ཡོད་དགོས། བརྩེ་སེམས་ཡོད་ཚེ་རུ་མི་ཚོ་གཞི་ནས་སྡོད་འདོད་ཡོད”ཚང་མས་སེམས་ལྷོད་ལ་ཕབ་ནས་མུ་མཐུད་བསྡད་ཚེ། ས་མཐོར་བསྡད་ཀྱང་ཐབས་བརྒྱ་ཇུས་སྟོང་གིས་ལས་ཀ་ཡག་པོ་སྒྲུབ་པ་དང་འཚོ་བ་ཡག་པོ་བསྐྱལ་ནས། གོམ་སྟབས་རེ་རེ་བཞིན་འཚར་ལོངས་བྱུང་མཐར་རང་ཉིད་ཀྱི་མི་ཚེའི་དམིགས་འདུན་མངོན་འགྱུར་ཐུབ་ཀྱི་རེད་ཅེས་ཝུང་ཁྲུན་ཧྥང་གིས་བརྗོད།
     ཉེ་བའི་ལོ་ཤས་རིང་། སྔ་རྗེས་སུ་ལེན་ཏུའེ་དེའི་དཔོན་དམག་བཞི་ལ་དངོས་གཞིའི་ཚན་ཁག་གི་སློབ་རྒྱུས་དང་དཔོན་དམག་གཅིག་ལ་ཆེད་ཚན་སློབ་གྲྭ་ཆེ་མོའི་སློབ་རྒྱུས་ཐོབ་པ་དང་། དཔོན་དམག་30ལ་རིགས་ཁག་གི་ལས་རིགས་རྩལ་ནུས་ཀྱི་རིམ་དབྱེའི་དཔྱད་སྡོམ་ཐོབ་པ། དཔོན་དམག་3ལ“ཕུལ་བྱུང་ཧྲི་ཀོན་ཤེས་ལྡན་པའི་བྱ་དགའ”ཐོབ་པ་རེད།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་14ཉིན་འབྱོར་པའི་གློག་འཕྲིན།