འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་16ཉིན།

༄༅།།ཤང་ཀང་གི་ཁྲིམས་འགལ་བ་ཉུང་ཤས་ཀྱི་གཏུམ་སྤྱོད་བྱ་སྤྱོད་ལ་རྒོལ་གཏམ་བཏང་ནས་དམིགས་
བསལ་སྲིད་འཛིན་ཁུལ་སྲིད་གཞུང་དང་ཉེན་རྟོག་ཕྱོགས་ཀྱི་གཏུམ་འགོག་ཟིང་
བཅོས་ལ་རྒྱབ་སྐྱོར་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་16ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་14ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཉེ་ཆར། ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་། སྲིད་གཞུང་གི་དཔོན་རིགས་བཅས་ཁག་གཅིག་གིས་མུ་མཐུད་གཏམ་བཤད་སྤེལ་ཏེ། ཤང་ཀང་གི་གཏུམ་སྤྱོད་ཁྲིམས་འགལ་བ་ཆེས་ཉུང་ཤས་ཤིག་གིས་ཐལ་སྐྱོད་གཏུམ་སྤྱོད་སྤེལ་བར་རྒོལ་གཏམ་དྲག་པོ་བཏང་བ་དང་། ཁོང་ཚོས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་སྲིད་ཇུས་ལ་རྒྱབ་སྐྱོར་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་དང་ཉེན་རྟོག་ཕྱོགས་ཀྱི་གཏུམ་འགོག་ཟིང་བཅོས་ལ་རྒྱབ་སྐྱོར་བྱས་ཏེ་ཤང་ཀང་གི་སྤྱི་ཚོགས་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
     ཉེ་ཆར། ཁ་ན་ཏའི་ཨོ་ཐེ་ཝའི་ཕྱི་ཁོངས་ཀྲུང་གོ་བའི་ཚོགས་པའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་གོ་ལ་ཧྲིལ་པོའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་མིང་འགོད་བྱེད་སྒོ་སྤེལ་བར་གོ་ལ་ཧྲིལ་པོའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་ཚོགས་པ་200ལྷག་ཙམ་གྱི་རྒྱབ་སྐྱོར་ཐོབ་ཡོད།
     ཨོ་སི་ཁྲུ་ལི་ཡའི་ནན་ཝེར་ཧྲེ་ཀྲོའུ་གསར་པའི་གྲོས་ཁང་གོང་མའི་གྲོས་དཔོན་གཞོན་པ་ཟུར་པ་ཧོ་ཧྲེང་ཧུའེ་ཞ་ཡིས་སྔར་ནས་ད་བར་ཤང་ཀང་ལ“ཤར་ཕྱོགས་ཀྱི་མུ་ཏིག”ཅེས་འབོད་སྲོལ་ཡོད། འོན་ཀྱང་ད་ཆ་བརྟན་ལྷིང་མེད་པའི་རྣམ་པ་དེས་ཤང་ཀང་གི་དར་རྒྱས་ལ་ཤུགས་རྐྱེན་ཐེབས་ཡོད། མིག་སྔའི་ལས་འགན་གལ་ཆེ་ཤོས་ནི་སྤྱི་ཚོགས་ཀྱི་སྒྲིག་ལམ་གང་མགྱོགས་སླར་གསོ་བྱ་རྒྱུ་དེ་རེད། ཤང་ཀང་་གི་ཉེན་རྟོག་པར་བཅའ་ཁྲིམས་དང་སྒྲིག་ལམ་སྲུང་སྐྱོང་བྱེད་དབང་ཡོད་ལ། དེ་ནི་ཁོང་ཚོའི་འགན་འཁྲི་ཡང་རེད། དེས་མ་ཟད་ཤང་ཀང་གི་ཉེན་རྟོག་པས་བཟོད་བསྲན་ཆེན་པོ་བྱེད་པའི་རྣམ་འགྱུར་བསྟན་ཡོད་ཅེས་བརྗོད།
    《ཧྥི་ལི་ཕིན་གྲགས་ཅན་ཚགས་པར》གྱི་ཆེད་སྒྲིག་པར་ངོས་ཀྱི་རྩོམ་པ་པོ་ལི་ཐན་རུང་གིས་མིག་སྔར་ཤང་ཀང་དུ་རྒྱུན་མཐུད་ཟང་ཟིང་གི་རྣམ་པ་ཐོན་པ་ནི་ངོ་རྒོལ་ཕྱོགས་གཏོགས་ཀྱི་འགོག་རྒོལ་བ་ཁག་གཅིག་གིས་བཟོས་པ་དང་། ནུབ་ཕྱོགས་ཀྱི་སྲིད་ཚོང་པ་དང་སྨྱན་སྦྱོར་ཁག་གཅིག་གིས་མགོ་སྐོར་བསླུ་བྲིད་དང་དཀྲུགས་ཤིང་བརྒྱབ་པའི་རྐྱེན་གྱིས་ཡིན་པ་མངོན་གསལ་དོད་པོ་རེད། མིག་སྔའི་ཟང་ཟིང་གི་རྣམ་པ་དེ་རིགས་ཀྱིས་ཤང་ཀང་གི་དཔལ་འབྱོར་དང་ཡུལ་སྐོར་ལས་རིགས་ལ་གནོད་འཚེ་ཕོག་པ་མ་ཟད། ཨེ་ཤེ་ཡ་ཤར་མའི་ས་ཁུལ་ཧྲིལ་པོའི་དཔལ་འབྱོར་དར་རྒྱས་ལའང་ཤུགས་རྐྱེན་ཐེབས་རྒྱུ་རེད། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་དང་ཉེན་རྟོག་ཕྱོགས་ཀྱིས་ངེས་པར་དུ་ནུས་ལྡན་གྱི་བྱ་ཐབས་འཕྲལ་དུ་མ་སྤྱད་ཚེ་ཟང་ཟིང་གི་རྣམ་པ་དེ་རིགས་བཀག་འགོག་བྱེད་མི་ཐུབ་པའི་ངོས་འཛིན་བྱས་པ་རེད།
     ཉིན་ཤས་གོང་། ཕ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་མུའུ་ཧན་མུའུ་ཏེ·ཧྥེ་སར་གྱིས་ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་ཀྲུང་དབྱང་སྲིད་གཞུང་དང་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་བདག་དབང་དང་ཤང་ཀང་གི་དར་རྒྱས་བརྟན་ལྷིང་སྲུང་སྐྱོང་བྱེད་ཆེད་ལག་ལེན་བསྟར་བའི་བྱ་ཐབས་ལ་བསམ་ཤེས་ཐུབ་ཀྱི་འདུག ཤང་ཀང་གི་གནད་དོན་ནི་ཀྲུང་གོའི་ནང་སྲིད་ཡིན་པས། རྒྱལ་ཁབ་ཚང་མས་རྒྱལ་སྤྱིའི་བཅའ་ཁྲིམས་དང་དེའི་གཞི་རྩའི་ཚད་གཞིར་བརྩི་སྲུང་ཞུས་ཏེ། རྒྱལ་ཁབ་གཞན་དག་གི་ནང་སྲིད་ལ་ཐེ་ཇུས་བྱ་རྒྱུ་མེད་ཅེས་བརྗོད་པ་རེད།