འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་15ཉིན།

༄༅༎2019ལོའི་ལྷ་སའི་ལམ་ཕྱེད་མར་སུན་རྒྱང་རྒྱུག་འགྲན་བསྡུར་ནང་ཞུགས་མཁན་ལྔ་སྟོང་ཟིན་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་15ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་8ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ཉིན། བོད་ལྗོངས་ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། ཁྱབ་བསྒྲགས་བྱས་དོན། 2019ལོའི་ལྷ་སའི་ལམ་ཕྱེད་མར་སུན་རྒྱང་རྒྱུག་འགྲན་བསྡུར་ཟླ་8ཚེས་18ཉིན་འགོ་ ཚུགས་རྒྱུ་ཡིན་པ་དང་། ཁྱོན་མི་5000གིས་འགྲན་བསྡུར་ལ་ཞུགས་རྒྱུའི་མིང་ཐོ་བཀོད་པའི་ཁྲོད་ལྗོངས་ཕྱིའི་འགྲན་ཞུགས་པ་1500ལྷག་ཙམ་དང་། ལྷ་ས་གྲོང་ཁྱེར་གྱི་གྲོང་མི་དང་སློབ་མ་སོགས་ལས་རིགས་ཁག་གི་མི་སྣ་3400ལྷག་ཙམ་ཡོད་པ་རེད།
     འགྲན་བསྡུར་ནང་ལམ་ཕྱེད་མར་སུན་རྒྱང་རྒྱུག(སྤྱི་ལེ་21.0975)ཚོགས་ཆུང་དང་། སྤྱི་ལེ་10ཡི་ཚོགས་ཆུང་། བདེ་ཐང་རྒྱུག་ཤར(སྤྱི་ལེ་5)ཚོགས་ཆུང་བཅས་གསུམ་ལ་དབྱེ་ཡོད། མིག་སྔ་བར་ལམ་ཕྱེད་མར་སུན་རྒྱང་རྒྱུག་གློད་མཁན་མི་གྲངས་500དང་། སྤྱི་ལེ་10ཡི་ཚོགས་ཆུང་ནང་ཞུགས་མཁན་མི་གྲངས་1000 བདེ་ཐང་རྒྱུག་ཤར་ཚོགས་ཆུང་ནང་ཞུགས་མཁན་མི་གྲངས་3500བཅས་ཀྱི་ཐོ་འགོད་མི་གྲངས་ཆ་ཚང་ཁེངས་ཟིན་པ་རེད།
     ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཝང་ཉིང་གིས། 2019ལོའི་ལྷ་སའི་ལམ་ཕྱེད་མར་སུན་རྒྱང་རྒྱུག་འགྲན་བསྡུར་གྱི་གཞི་ཁྱོན་དང་རིམ་པ་སོགས་ན་ནིང་དང་བསྡུར་ན་སྔར་བས་མཐོ་རུ་ཕྱིན་ཡོད་པ་དང་། འགྲན་བསྡུར་ནང་ཞུགས་མཁན་མི་གྲངས་3200ནས་5000བར་མང་དུ་ཕྱིན་པ། འགྲན་བསྡུར་དེ་ཡང་ན་ནིང་ཀྲུང་གོའི་མཆོང་རྒྱུག་འཕེན་གསུམ་མཐུན་ཚོགས་ཀྱིས་ཁས་བླངས་པའི་Bརིམ་པ་ནས་ཀྲུང་གོའི་མཆོང་རྒྱུག་འཕེན་གསུམ་གྱིས་མཉམ་གཉེར་བྱས་པའི་Aརིམ་པའི་འགྲན་བསྡུར་ལ་རིམ་སྤར་བྱུང་ཡོད་ཅེས་བརྗོད།
     ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་འགྲན་བསྡུར་གྱི་འགོ་འཛུགས་ས་དང་མཐའ་ཚིགས་ནི་ལྷ་ས་ཀྲོའུ་ཅི་གསོལ་མགྲོན་ཁང་ཐང་ཆེན་དང་ཕོ་བྲང་པོ་ཏ་ལའི་ཐང་ཆེན་ཡིན་ཞིང་། ལམ་བར་དུ་ལྷ་ས་ཟམ་ཆེན་དང་། སྐྱིད་ཆུའི་ལྷོ་ངོས། ཚེ་མཆོག་གླིང་ཟམ་ཆེན་སོགས་བརྒྱུད་དགོས་ཀྱི་ཡོད། 
     “ང་ཚོས་ན་ནིང་འགྲན་བསྡུར་ལེགས་གྲུབ་ལྡན་པའི་སྒོ་ནས་གཉེར་བའི་རྨང་གཞིའི་ཐོག འདི་ལོའི་འགྲན་བསྡུར་དེ་བས་ཕུན་སུམ་ཚོགས་པ་ཞིག་ཧུར་ཐག་གཉེར་ཏེ་འགྲན་ཞུགས་བདམས་ཐོན་པ་རྣམས་ལ་དེ་བས་སྤུས་ལེགས་ཀྱི་འགྲན་བསྡུར་མྱོང་རོལ་ཞིག་མཁོ་འདོན་བྱ་རྒྱུ་ཡིན”ཞེས་ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་དྲུང་ཆེ་གཞོན་པ་དབྱིང་ཕེ་ཧྥུང་གིས་བརྗོད་པ་དང་། ཁོང་གིས“འགྲན་བསྡུར་དེར་བརྟེན་ནས‘ས་མཐོའི་མར་སུན་རྒྱང་རྒྱུག’གི་སྤུས་རྟགས་བཏོད་དེ། བོད་ཀྱི་དམིགས་བསལ་ཁྱད་ཆོས་དང་ལྷ་སའི་ཁྱད་ཆོས་ལྡན་པའི་ལུས་རྩལ་དང་། རིག་གནས། ཡུལ་སྐོར་བཅས་ཟུང་དུ་སྦྲེལ་བའི་ཐོན་ལས་དཔལ་འབྱོར་ཞིག་མགྱོགས་མྱུར་སྐྱེད་སྲིང་བྱ་རྒྱུ་ཡིན”ཞེས་བརྗོད།
     གཞན་ཡང་། འགྲན་ཞུགས་བདམས་ཐོན་པའི་བདེ་འཇགས་འགན་ལེན་བྱེད་ཆེད། ད་ཐེངས་ཀྱི་འགྲན་བསྡུར་སྒྲིག་འཛུགས་ཨུ་ལྷན་གྱིས་འགྲན་བསྡུར་ལམ་རྒྱུད་དུ་ཞབས་ཞུའི་ས་ཚིགས་དང་། སྨན་བཅོས་ས་ཚིགས་མང་པོ་བཀོད་སྒྲིག་བྱས་པ་དང་། སྨན་བཅོས་ས་ཚིགས་མི་རེ་ངོ་རེར་མྱུར་སྐྱོབ་རླངས་འཁོར་དང་ཆེད་ལས་སྨན་དོན་མི་སྣ་བཀོད་སྒྲིག་བྱས་པ་མ་ཟད། སྨན་བཅོས་འགན་སྲུང་རླངས་འཁོར་འགྲན་བསྡུར་དཔུང་ཁག་དང་མཉམ་སྐྱོད་བྱེད་པ་དང་། སྨི་100རེར་དང་བླངས་པ་རེ་བཀོད་སྒྲིག་བྱས་ནས་བདམས་ཐོན་པར་རོགས་རམ་བྱ་རྒྱུ་ཡིན་པ་རེད།