འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་15ཉིན།

༄༅༎དཀར་མཛེས་ཀྱིས་ལོ་ཕྱེད་ནང་ཡུལ་སྐོར་བར་སྣེ་ལེན་བྱེད་ཚད་མི་ཐེངས་ཁྲི་ཆིག་སྟོང་ལས་ཐོག་མར་བརྒལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་15ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་8ཚེས་13ཉིན་གློག་འཕྲིན་འབྱོར་གསལ། མཐའ་ཡས་པའི་བྱ་ཤུ་ཁོག་རྩྭ་ཐང་དུ་ཐང་ག་1300ལས་གྲུབ་པའི་འགྲེམས་སྟོན་གྱིས་ཧི་མ་ལ་ཡའི་ས་ཁུལ་གྱི་དམངས་སྲོལ་དང་། རིག་གནས། སྒྱུ་རྩལ། ལོ་རྒྱུས། ས་ཁམས་སོགས་ཀྱི་ཕྱོགས་བསྡུས་རྣམ་པ་མངོན་པས་ཡུལ་སྐོར་བའི་ཡིད་དབང་འཕྲོག་ཡོད་པ་རེད། དུས་ཡུན་ལོ་14རིང་བཞེངས་པའི་བརྩམས་ཆོས་འདི་དག་ནི་འདི་ལོའི་ཟླ་7པར་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་སེར་ཤུལ་རྫོང་གི“གུར་གྱི་དུས་ཆེན”གྱི་ལེ་ཚན་གལ་ཆེན་ཞིག་རེད།
     དཀར་མཛེས་ཀྲོའུ་ལི་ཐང་རྫོང་ལེགས་མཐོང་གནའ་གྲོང་དུ་ཉེ་ཆར་བོད་ཡིག་ཡིག་གཟུགས་དང་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་གཉེར་བས། ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད། བོད་རིགས་ཀྱི་ཡིག་གཟུགས་མཁས་ཅན་ཚོས་སེམས་རྣལ་དུ་ཕབ་ནས་འབྲུ་ཙ་དང་། འཁྱུག་ཡིག དབུ་ཆེན་སོགས་ཡིག་གཟུགས་མི་འདྲ་བ་20ལྷག་ཙམ་ངོམ་སྟོན་བྱས་པ་རེད།
     “རིག་གནས་ཀྱི་གར་སྟེགས་བསྐྲུན། ཡུལ་སྐོར་བས་ཟློས་གར་འཁྲབ”ཉེ་བའི་ལོ་ཤས་རིང་། སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཡིས་རི་ཁུལ་གྱི་ཡུལ་སྐོར་རིག་གནས་དུས་ཆེན་གཙོ་བོར་བྱས་ནས། སྤྱི་འདོམས་གཙོ་གཉེར་རམ་ཡང་ན་ས་གནས་ཁག་གི་རིག་གནས་ཡུལ་སྐོར་བྱེད་སྒོའི་ནང་ཞུགས་ཤིང་། འདི་ལོའི་ཟླ་བདུན་པ་བར་ཁྱོན་ཡུལ་སྐོར་བ་མི་ཐེངས་ཁྲི་1103.03ལ་སྣེ་ལེན་བྱས་པ་དེ་དུས་མཚུངས་ལས་35.03%འཕར་བ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་121.44ཟིན་པ་དེ་དུས་མཚུངས་ལས་48.95%འཕར་ཡོད། ལོ་སྟོད་དུ་ཡུལ་སྐོར་བར་སྣེ་ལེན་བྱེད་ཚད་མི་ཐེངས་ཁྲི་ཆིག་སྟོང་ལས་ཐོག་མར་བརྒལ་ཡོད་པ་རེད།
     “འབྱུང་འགྱུར་དུ་དཀར་མཛེས་ཀྲོའུ་ཡིས་རིག་གནས་ཐོན་ཁུངས་སྔོག་འདོན་ལ་སྔར་བས་མཐོང་ཆེན་བྱས་ནས། རིག་གནས་བསམ་བཀོད་ཀྱི་ཆུ་ཚད་མཐོ་རུ་བཏང་སྟེ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཐུབ་པ་བྱེད་རྒྱུ་རེད”ཅེས་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་རིག་གནས་ལུས་རྩལ་དང་རླུང་འཕྲིན་བརྙན་འཕྲིན་གསར་འགྱུར་དཔེ་སྐྲུན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཅང་ཏུན་ཨན་གྱིས་བཤད།