འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་14ཉིན།

༄༅༎མཚོ་སྔོན་གྱིས“འཕྲལ་མཁོ་ཆེ་བའི་ཤེས་ལྡན་མི་སྣའི་དགོས་མཁོའི་དཀར་ཆག”ཡོངས་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་14ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་ནས་ཤེས་རྟོགས་བྱུང་གསལ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་སྐོང་བ་དང་ཤེས་ལྡན་པའི་མཁོ་སྤྲོད་ཕྱོགས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་ཆེད་ཐིང་དེས་རིགས་ཁག་གི་གཙོ་གནད་ལས་རིགས་ཀྱི་ཁྱབ་ཁོངས་སུ་བརྟག་དཔྱད་མཐིལ་རྟོགས་བྱས་པ་བརྒྱུད། 《འཕྲལ་མཁོ་ཆེ་བའི་ཤེས་ལྡན་མི་སྣའི་དགོས་མཁོའི་དཀར་ཆག》གསར་པ་སྒྲིག་བཟོ་བྱས་པའི་ནང་མི་སྤྱོད་ཚན་པ་361གིས་འཕྲལ་མཁོ་ཆེ་བའི་ཤེས་ལྡན་པ་3740ཡི་གྲངས་ཚད་སྙན་སེང་ཞུས་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་བ་གསུམ་པར་མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་གིས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཀྲོའུ་ཁག་དང་། ལས་རིགས་སྡེ་ཚན། ཞིང་ཆེན་ཐད་གཏོགས་ཀྱི་ཁེ་ལས་དང་བྱ་གཞག་ཚན་པ་བཅས་ལ་ཁ་ཕྱོགས་ནས་སྣོད་བཅུད་སྲུང་སྐྱོང་དང་། ཁྱད་ལྡན་ཞིང་འབྲོག་ལས། སློབ་གསོ། ཚན་རྩལ། སྨན་བཅོས་འཕྲོད་བསྟེན་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་གཙོ་གནད་མཐོ་རིམ་དོ་དམ་ཤེས་ལྡན་པ་དང་། མཐོ་རིམ་ཆེད་ལས་ལག་རྩལ་ཤེས་ལྡན་པ། རྩལ་ནུས་མཐོ་བའི་ཤེས་ལྡན་པ་བཅས་ལོ་གསུམ་རིང་གི(2019ལོ་ནས་2021ལོ་བར)དགོས་མཁོའི་གནས་ཚུལ་བརྟག་དཔྱད་མཐིལ་རྟོགས་བྱས་ཡོད།
     དཀར་ཆག་ནང་གི་སྤྱི་ཡོངས་ཀྱི་གྲངས་གཞིའི་ཁྲོད་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཀྲོའུ་8དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་48 ཞིང་ཆེན་ཐད་གཏོགས་ཁེ་ལས་དང་བྱ་གཞག་ཚན་པ་7བཅས་ལ་ཕྱོགས་བསྡུས་ངང་ཁྱབ་ཡོད། འཕྲལ་མཁོ་ཆེ་བའི་ཤེས་ལྡན་པའི་གྲངས་གཞིར་དབྱེ་ཞིབ་བྱས་པ་ལས་མངོན་པ་ལྟར་ན། འཕྲལ་མཁོ་ཆེ་བའི་ས་ཁོངས་ནས་བལྟས་ན། ཞིང་ཆེན་ཐད་གཏོགས་སྡེ་ཚན་ལ་ཤེས་ལྡན་པ་འཕྲལ་མཁོ་ཆེ་ཤོས་ཡིན་པ་དང་། ཞིང་ཆེན་ཐད་གཏོགས་ཚན་པར་མི་གྲངས་2818མཁོ་བ་དང་། ལས་རིགས་ཁྱབ་ཁོངས་ཀྱི་ངོས་ནས་བལྟས་ན། འཕྲོད་བསྟེན་ཁྱབ་ཁོངས་སུ་འཕྲལ་མཁོ་ཆེ་ཤོས་ཡིན་པ་དང་། སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་སུ་མི་གྲངས་2447མཁོ་བ་དང་། དེ་རྗེས་སློབ་གསོའི་ཁྱབ་ཁོངས་སུ་མི་གྲངས་707མཁོ་བ་བཅས་རེད། ཚན་པའི་རིགས་དབྱེ་ནས་བལྟས་ན། བྱ་གཞག་ཚན་པར་མི་གྲངས་3399མཁོ་བ་དང་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་ལ་མི་གྲངས་191མཁོ་བ། གཞུང་ཁོངས་ཁེ་ལས་ལ་མི་གྲངས་129མཁོ་བ། ཏང་སྲིད་ལས་ཁུངས་ཀྱི་ཚན་པར་མི་གྲངས་21མཁོ་བ་བཅས་རེད། འཕྲལ་མཁོ་ཆེ་བའི་སློབ་རྒྱུས་ཀྱི་གྲུབ་ཆའི་ངོས་ནས་བལྟས་ན། དངོས་གཞིའི་ཚན་ཁག་གི་སློབ་རྒྱུས་ལྡན་པ་འཕྲལ་མཁོ་ཆེ་ཤོས་ཡིན་པ་དང་དེར་མི་གྲངས་2634མཁོ་བ་དང་། རབ་འབྱམས་པ་མི་གྲངས་515མཁོ་བ། འབུམ་རམས་པ་མི་གྲངས་386མཁོ་བ། ཆེད་ཚན་གྱི་མི་གྲངས་149མཁོ་བ་བཅས་ཡིན་པ་རེད།