འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་8ཉིན།

༄༅༎མཚོ་སྔོན་གྱིས་གཙང་གསུམ་ཆུ་འགོའི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་08ཉིན། 09:47】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་མཚོ་སྔོན་ཞིང་ཆེན་བོད་རིགས་རང་སྐྱོང་ཀྲོའུ་གཅིག་སྒྲིལ་རྫོང་ས་ཁོངས་ཀྱི་གཉན་པོ་གཡུ་རྩེའི་མཛེས་ལྗོངས་་ཡིན་པ།
འདི་ནི་མཚོ་སྔོན་ཞིང་ཆེན་བོད་རིགས་རང་སྐྱོང་ཀྲོའུ་གཅིག་སྒྲིལ་རྫོང་ས་ཁོངས་ཀྱི་གཉན་པོ་གཡུ་རྩེའི་མཛེས་ལྗོངས་་ཡིན་པ།
     མཚོ་སྔོན་གྱིས་གཙང་གསུམ་ཆུ་འགོའི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་བྱས་པ།
     རྩེ་རིམ་ཇུས་འགོད་འཐུས་སྒོ་ཚང་དུ་བཏང་ནས་སྣོད་བཅུད་ སྲུང་སྐྱོང་གི་གདུང་བཞི་ཀ་བརྒྱད་བཏོད་པ།
     ◆ 2016ལོར། རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་བྱ་ཡུལ་ཐོག་མ་དེ་གཙང་གསུམ་ཆུ་འགོ་ཁུལ་དུ་བཙུགས་པ་དང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་12.31ཟིན་ནས་གཙང་གསུམ་ཆུ་འགོའི་རྒྱ་ཁྱོན་གྱི་31.16%བཟུང་ཡོད། 2018ལོའི་ཟླ་1པོར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས《གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད》ཁྱབ་བསྒྲགས་བྱས་ཏེ་2020ལོར་སླེབས་སྐབས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དངོས་སུ་འཛུགས་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད།
     ◆ གཙང་གསུམ་ཆུ་འགོ་ཡིན་པའི་མཚོ་སྔོན་གྱིས་ལོ་ལྟར་སྨད་རྒྱུད་ལ་དུང་ཕྱུར་རྒྱ་དཔངས་གྲུ་བཞི་600ཡི་ཆུ་དྲངས་ནས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་20དང་འབར་མ་སོགས་རྫ་ཆུ་རྒྱུག་ཁུལ་གྱི་རྒྱལ་ཁབ་5ལ་ཕན་པ་བསྐྲུན་ཡོད།
     ◆ 2017ལོའི་ལོ་མཇུག་བར། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་སྣོད་བཅུད་སྤྱི་ཕན་ལས་གནས་ཁྲི་1ལྷག་ཙམ་བཀོད་སྒྲིག་བྱས་ནས་དུད་ཚང་རེར་ལོའི་ཡོང་འབབ་སྒོར་21600འཕར་ཡོད།
     བརྗིད་ཆགས་ཁུ་ནུ་རི་བོའི་རྩེ་མོ་སྤྲིན་ལ་སྙེག ཡིད་འོང་གཙང་གསུམ་ཆུ་འགོས་ས་མཐོའི་འཕོ་འགྱུར་མངོན།
     སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོ་དང“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ཅེས་གྲགས་པའི་མཚོ་སྔོན་ཞིང་ཆེན་གྱིས་འགྱུར་མེད་དམ་བཅའ་བཞག་སྟེ་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་སྐྱོང་བྱེད་པའི་ལས་འགན་ལྕི་པོ་ཕྲག་ཏུ་འཁུར་ནས་ལག་ལེན་ཧུར་ཐག་བསྟར་བཞིན་ཡོད།
     ལོ་70ཡི་རིང་བཀའ་བཟང་གསོས་སུ་སྨིན་པ། ལོ་70ཡི་རིང་འབད་འབུངས་མདུན་སྐྱོད་བྱས།
     སྤྱི་མཐུན་རྒྱལ་ཁབ་འཚར་ལོངས་ཀྱི་གོམ་བགྲོད་དང་བསྟུན་ནས་མཚོ་སྔོན་གྱིས“ལྗང་མདོག་གི་འཆར་གཞི”འདིང་བ་དང་། “ལྗང་མདོག་གི་ལམ་དུ”བསྐྱོད་པ། “ལྗང་མདོག་གི་སྤུས་རྟགས”གཏོད་པ་བཅས་བྱས་ཏེ་གཙང་གསུམ་ཆུ་འགོའི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་བྱས་ནས་རེས་སྐོར་གསར་པའི་འཕེལ་རྒྱས་ཁྲོད་རང་འགུལ་ཐོབ་ཡོད།
     རྩེ་རིམ་ཇུས་འགོད་འཐུས་སྒོ་ཚང་དུ་བཏང་ནས་སྣོད་བཅུད་སྲུང་སྐྱོང་གི་གདུང་བཞི་ཀ་བརྒྱད་བཏོད་པ།
     ལོ་15ཡི་གོང་། གཙང་གསུམ་ཆུ་འགོའི་འབྲོག་པ་ཀུན་དགའ་རྣམ་རྒྱལ་ས་བབ་མཐོ་ཚད་སྨི་5000ཙམ་ཟིན་པའི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་མཚོ་བརྒྱ་མར་འཚོ་སྡོད་བྱེད་ཀྱི་ཡོད།
     2000ལོར་རྒྱལ་ཁབ་ཀྱིས་རྒྱལ་ཡོངས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་ཆེ་ཤོས་ཡིན་པའི་གཙང་གསུམ་ཆུ་འགོའི་རང་བྱུང་སྲུང་སྐྱོང་ཁུལ་དངོས་སུ་བཙུགས་པ་རེད། རྒྱལ་ཁབ་ཀྱིས་གཙང་གསུམ་ཆུ་འགོའི་རང་བྱུང་སྣོད་བཅུད་སྲུང་སྐྱོང་ལ་སྤྱི་ཡོངས་ནས་འཆར་འགོད་བྱས་རྗེས། 2004ལོར་སྲིད་གཞུང་གིས་གཙང་གསུམ་ཆུ་འགོའི་རང་བྱུང་སྲུང་སྐྱོང་ཁུལ་དུ་འཚོ་སྡོད་བྱེད་མཁན་མི་རྣམས་ལ་སྐྱས་སྤོས་རྩྭ་གསོ་དང་སྣོད་བཅུད་གནས་སྤོས་ཀྱི་སྐུལ་སློང་བྱས་ཡོད།
     ཀུན་དགའ་རྣམ་རྒྱལ་ནི་རྒྱལ་ཁབ་ཀྱི་གཙང་གསུམ་ཆུ་འགོའི་སྣོད་བཅུད་གནས་སྤོའི་སྲིད་ཇུས་དང་ལེན་བྱེད་མཁན་སྔ་ཤོས་གྲས་ཡིན་ཞིང་། སྐབས་དེར་ཁོང་དང་གྲོང་རྡལ་དེའི་དུད་ཚང་128ཀྱི་འབྲོག་པ་407ན་གོར་མོ་གྲོང་ཁྱེར་གྱི་ལྷོ་འདབས་སུ་གནས་སྤོས།
     ལོ་15སྐད་ཅིག་ཉིད་དུ་སོང་ཞིང་། ད་ཆ་ལོ་65ལ་སླེབས་པའི་ཀུན་དགའ་རྣམ་རྒྱལ་གྲོང་ཚོའི་སྒོ་འགྲམ་གྱི་ཐང་ཆེན་མདུན་དུ་ལངས་ནས་སྣོད་བཅུད་གྲོང་གསར་གྱི་འགྱུར་ལྡོག་གླེང་སྐབས་རང་དབང་མེད་པར་མིག་ཟུང་ལས་མཆི་མ་ཁྲུམ་ཁྲུམ་དུ་ཤོར།
     “དང་ཐོག་དེ་གར་སླེབས་སྐབས། ཡུ་ལ་མུ་འབྲེལ་གྱི་རི་བོ་དང་གྱ་གྱུར་འབབ་པའི་རྒྱུག་ཆུ་མེད་ལ། ཅི་དགར་རོལ་བའི་ནོར་ལུག་དང་འུར་རྡོ་གཡུག་བཞིན་པའི་འབྲོག་པའང་མཐོང་རྒྱུ་མེད་པས་ངར་རང་ཉིད་མི་ཚེ་ཕྱེད་ཀ་འཚོ་སྡོད་བྱེད་སའི་ཕ་ཡུལ་དུ་ལོག་བསམ་པའི་བསམ་བློ་ཐེངས་མང་འཁོར་བྱུང”ཞེས་ཀུན་དགའ་རྣམ་རྒྱལ་གྱིས་བཤད། ཕྱིས་སུ་དེ་གར་སློབ་ཆུང་དང་། རྒན་གསོ་ཁང་། རིག་གནས་ཐང་ཆེན་བཅས་སྔ་རྗེས་སུ་བསྐྲུན་པ་དང་གྲོང་ཚོའི་ནང་ད་དུང་གད་སྙིགས་ས་སྦས་གཏོང་སའང་བཙུགས་པས། ཁོང་དང་བཟའ་ཟླ་བྱང་ཆུབ་སྒྲོལ་མ་གཉིས་ཀྱི་འཚོ་བ་བདེ་ལ་འཁོད་ཅིང་། ཁོང་དེ་སྔ་འཚོ་སྡོད་བྱེད་པའི་རྩྭ་ར་དེ་ད་ཆ་རྐྱང་དང་ཤྭ་བ་སོགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཞིང་ཁམས་སུ་གྱུར་ཡོད་ཅེས་ཀུན་དགའ་རྣམ་རྒྱལ་གྱིས་མུ་མཐུད་ནས་བཤད།
     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། མཚོ་སྔོན་གྱིས་སྣོད་བཅུད་ཤེས་དཔལ་འདུ་ཤེས་ཐོག་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བའི་གྲོས་འགོ་བཏོན་པ་དང་ཆབས་ཅིག སྣོད་བཅུད་ལ་བརྟེན་ནས་ཞིང་ཆེན་གཏོད་པའི་འཐབ་ཇུས་བཟོས་པ་དང་། སྣོད་བཅུད་ཤེས་དཔལ་སྔོན་བསྟར་ཁུལ་འཛུགས་སྐྲུན་བྱས་པ། སྣོད་བཅུད་སྲུང་སྐྱོང་སྔོན་ལ་བསྟར་བའི་འདུ་ཤེས་བཙུགས་པ་བཅས་ཀྱི་ཐོག་ནས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་གྱི་ཚོད་ལྟ་རྒྱལ་ཡོངས་སུ་ཐོག་མར་ལག་བསྟར་བྱས་པ་རེད།
     2013ལོའི་ཟླ་12པར། མཚོ་སྔོན་ཞིང་ཆེན་གྱིས《མཚོ་སྔོན་ཞིང་ཆེན་གྱི་སྣོད་བཅུད་ཤེས་དཔལ་ལམ་ལུགས་འཛུགས་སྐྱོང་གི་སྤྱིའི་ཇུས་གཞི》ལག་བསྟར་བྱས་ཏེ་རྒྱལ་ཡོངས་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི“སྤྱིའི་ཇུས་འགོད་དཔེ་རིས”དང“སྤྱིའི་འཛུགས་སྐྲུན་དཔེ་རིས”བཏོན་མཁན་གྱི་ཞིང་ཆེན་ཨང་དང་པོར་གྱུར་ཡོད། 2016ལོར་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་བྱ་ཡུལ་ཐོག་མ་དེ་གཙང་གསུམ་ཆུ་འགོ་ཁུལ་དུ་བཙུགས་པ་དང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་12.31ཟིན་ནས་གཙང་གསུམ་ཆུ་འགོའི་རྒྱ་ཁྱོན་གྱི་31.16%བཟུང་ཡོད། 2018ལོའི་ཟླ་1པོར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས《གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད》ཁྱབ་བསྒྲགས་བྱས་ཏེ་2020ལོར་སླེབས་སྐབས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དངོས་སུ་འཛུགས་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད།
     མིག་སྔ་བར། གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་ལས་གྲྭར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་180ལྷག་ཙམ་བཏང་ཡོད།
     ད་ཆ་མཚོ་སྔོན་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི“གདུང་བཞི་ཀ་བརྒྱད”རིམ་བཞིན་བརྟན་དུ་སོང་བ་དང་བསྟུན་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ཁྲིམས་ལུགས་འཛུགས་སྐྱོང་ལ་མགྱོགས་མྱུར་སྐུལ་འདེད་བཏང་བས་སྣོད་བཅུད་ཤེས་དཔལ་གྱི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་ཡོད།
     རྩེ་རིམ་ཇུས་འགོད་ནས་ཕྱོགས་ཡོངས་བཀོད་སྒྲིག་བར་དང་། ལམ་ལུགས་ནན་ཤོས་ནས་ཁྲིམས་ལུགས་ནན་ཤོས་བར་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཏན་ཏིག་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བས། མཚོ་སྔོན་གྱི་བུ་ཕྲུག་ཁྲི་600ལ་གཙང་གསུམ་ཆུ་འགོར་སྲུང་སྐྱོང་ཡག་པོ་དང“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”སྲུང་སྐྱོང་ཡག་པོ་བྱས་ཏེ“དྭངས་གཙང་ཆུ་མོ་ཤར་དུ་རྒྱུག་པའི”འགན་ལེན་བྱེད་པ་ནི་འགན་འཁྲི་ཡིན་ལ་རང་འཁྲིའི་ལས་འགན་ཡང་ཡིན་པའི་ངོས་འཛིན་ཟབ་མོ་བྱུང་ཡོད།
     “མཚོ་མང་པོ་རང་སོར་གནས་པའི་མཛེས་ལྗོངས”སླར་ཡང་མངོན་པ་བྱས་ཏེ་མཚོ་བོད་ས་མཐོའི་མཛེས་ལྡན་རི་ཀླུང་མཉམ་དུ་བཏོད་པ།
     མཚོ་སྔོན་ཤར་རྒྱུད་ཀྱི་ཙོང་ཆུའི་རོང་ཁུལ་ནས་ནུབ་རྒྱུད་ཀྱི་ཚྭ་འདམ་གྲམ་ཐང་བར་དང་། བྱང་རྒྱུད་ཀྱི་ཁྲི་ལེབ་རི་བོ་ནས་ལྷོ་རྒྱུད་ཀྱི་གངས་ལྗོངས་ཆུ་འགོ་བར་རྒྱལ་ཁབ་ས་ཆ་སྔོ་འགྱུར་སོགས་ཀྱི་བྱ་སྤྱོད་རྒྱུན་ཆད་མེད་པར་མགྱོགས་སུ་གཏོང་བཞིན་ཡོད། རི་རྒོད་དང་བྱེ་ཐང་སྤང་ལྗོངས་སུ་གྱུར་ནས་ལྗང་མདོག་གིས་གནའ་བོའི་ས་མཐོར་གསོན་ཤུགས་ཆེན་པོ་བསྣན་ཡོད།
     “ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ཅེས་འབོད་པའི་མཚོ་སྔོན་གྱི་ཆུའི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པ། མགོ་ལོག་ཀྲོའུ་རྨ་སྟོད་རྫོང་གྲོང་ནས་རྒྱལ་ལམ་214བརྒྱུད་དེ་ཡུལ་ཤུལ་གྱི་གཙང་གསུམ་ཆུ་འགོའི་དཀྱིལ་དབུས་སུ་རླངས་འཁོར་བཏང་ནས་བསྐྱོད་ཚེ། སྐར་ཚོགས་བཀྲམ་པ་ལྟར་གྱི་མཚོ་དང་འདམ་ར་མཐོང་ཐུབ། རྒྱང་རིང་ནས་བལྟས་ན། མུ་མཐའ་མེད་པའི་རྩྭ་ཐང་སྟེང་དུ་མཚོ་དེ་དག་ནམ་མཁའི་སྐར་ཚོགས་ས་ལ་ལྷུངས་པ་ལྟར་སྣང་ཞིང་ལྟ་བས་མི་ངོམས་པ་ཞིག་ཡོད་པ་དང་གཙང་གསུམ་ཆུ་འགོར་མཚོ་མང་པོ་ཆགས་པའི་མཛེས་ལྗོངས་སླར་ཡང་མིག་མདུན་དུ་མཐོང་རྒྱུ་ཡོད།
     ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ངང་ལེགས་སུ་སོང་བ། མཚོ་སྔོན་གྱི་འདམ་རའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོ་ཡིན་ཞིང་། ལོ་15ཡི་རིང་། མཚོ་སྔོན་པོ་རྒྱ་ཆེ་རུ་སོང་བའི་རྒྱ་ཁྱོན་དེ་ཤིས་ཧུའུ་མཚེའུ་56གི་རྒྱ་ཁྱོན་མཚུངས་ཤིང་། གྲོང་ཁྱེར་གཙོ་བོའི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་83.4%ཟིན་པ། ཞིང་ཆེན་ཡོངས་སུ་ཆུ་ངོས་དང་། འདམ་ར། ནགས་ཚལ་བཅས་ཀྱིས་བཟུང་ཚད་70%ལས་བརྒལ་ཡོད་པ་རེད།
     བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་གྲངས་འབོར་མང་དུ་ཕྱིན་པ། གཙོད་དང་ཕུའུ་ཧྲེ་རྒོ་བའི་ཁྱུ་ཚོགས་ཀྱི་གྲངས་འབོར་དེ་སྲུང་སྐྱོང་བྱས་མ་ཐག་ལས་ལྡབ་2ཡན་འཕར་བ་དང་སྐྱེ་དངོས་སྣ་མང་རང་བཞིན་རིམ་གྱིས་སླར་གསོ་བྱེད་བཞིན་ཡོད། རྐྱང་དང་། གསའ། ཤྭ་བ་མཆུ་དཀར་སོགས་སྟོངས་ལ་ཉེ་བའི་སྲོག་ཆགས་ཁྱུ་ཚོགས་ཀྱི་གྲངས་འབོར་མང་དུ་འགྲོ་བཞིན་ཡོད་པ་དང་མཚོ་སྔོན་པོའི་ཉ་ལུའོ་ལིའི་ཐོན་ཚད་ཀྱང་2002ལོ་ལས་ལྡབ་34འཕར་ཡོད།
     མིག་སྔར་མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གིས་གཙོ་བོ་བྱེད་པའི་རང་བྱུང་སྲུང་སྐྱོང་ས་ཆའི་མ་ལག་གི་དཔེ་སྟོན་ཞིང་ཆེན་བསྐྲུན་ནས་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ནུས་ལྡན་ཉམས་མྱོང་འཚོལ་ཞིབ་བྱེད་བཞིན་ཡོད།
     ལྗང་མདོག་གི་ཆུ་འགོར་མཉམ་དུ་སྲུང་སྐྱོང་བྱས་ནས་དྭངས་གཙང་ཆུ་མོ་ཤར་དུ་རྒྱུག་པའི་སྣོད་བཅུད་སྲུང་ཡོལ་བརྟན་པོ་བཙུཌ་པ།
     དབྱར་དུས་ཡུལ་ཤུལ་རྩྭ་ཐང་གི་གནམ་གཤིས་འགྱུར་ལྡོག་འགྲོ་མགྱོགས་པ་དང་། “གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྣོད་བཅུད་བདག་སྐྱོང་པ”ཞེས་པའི་ཡེ་གེ་འཁོད་པའི་དཔུང་རྟགས་བཏགས་པའི་འབྲོག་པ་དབྱིངས་ཐས་རྟ་བཞོན་ནས་དྲག་ཆར་རླུང་འཚུབ་ཁྲོད་དུ་རྩྭ་ཐང་ལ་སྐོར་སྲུང་བྱེད་བཞིན་ཡོད།
     དབྱིངས་ཐའི་ཁྱིམ་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་རྫ་སྟོད་རྫོང་རྣམ་སྲས་ཤང་དུ་ཡོད། རྫ་སྟོད་རྫོང་གི་ཆ་སྙོམས་ས་བབ་སྨི་4000ལས་བརྒལ་བ་དང་རྫ་ཆུའི་ཆུ་འགོར་གནས་པས་མིག་སྔར་གཙང་གསུམ་ཆུ་འགོ་རྒྱལ་ཁབ་སྤྱི་གླིང་རྫ་ཆུའི་ཆུ་འགོའི་གླིང་ནང་བཅུག་ཡོད།
     སྲིད་གཞུང་གིས་སྣོད་བཅུད་ལ་ལོ་མང་བཅོས་སྐྱོང་བྱས་པ་བརྒྱུད། མིག་སྔར་གཙང་གསུམ་ཆུ་འགོའི་རྩྭ་ཐང་ཉམས་ཞན་དུ་སོང་བའི་འཕེལ་ཕྱོགས་ལ་བཀག་སྡོམ་ནན་པོ་བྱུང་ནས་ཆུའི་ཐོན་ཁུངས་དང་རྩྭ་ཐང་ཁྱབ་རྒྱ་རྒྱུན་མཐུད་ངང་ཆེ་རུ་འགྲོ་བཞིན་ཡོད་ལ། གསའ་སོགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱང་དབྱིངས་ཐའི་ཕ་ཡུལ་ནས་རྟག་ཏུ་མཐོང་རྒྱུ་ཡོད།
     སྣོད་བཅུད་ལ་སྲུང་སྐྱོང་ཡག་པོ་བྱེད་པ་ནི་དམངས་འཚོ་ཆེ་ཤོས་ཡིན། 2017ལོའི་ལོ་མཇུག་བར། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་སྣོད་བཅུད་སྤྱི་ཕན་ལས་གནས་ཁྲི་1ལྷག་ཙམ་བཀོད་སྒྲིག་བྱས་ནས་དུད་ཚང་རེར་ལོའི་ཡོང་འབབ་སྒོར་21600འཕར་ཡོད། ཁོང་ཚོའི་ནང་ནས་ཕྱེད་ཀ་ཡན་ནི་ས་གནས་དེ་གའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་རེད།
     འདི་ལྟ་བུའི་འགྱུར་ལྡོག་མིག་མཐོང་ལག་ཟིན་བྱུང་མཁན་ནང་ད་དུང་ཁུ་ཁུ་ཤིས་རིའི་རི་སྐོར་རུ་ཁག་གི་རུ་མི་ལྷུན་གྲུབ་ཚེ་རྒྱལ་ཡོད། ལོ་2གོང་འཛམ་གླིང་ཤུལ་བཞག་ཚོགས་ཆེན་སྐབས་41པའི་ཐོག་གཙང་གསུམ་ཆུ་འགོའི་འབྲི་ཆུའི་ཆུ་འགོ་ཁུལ་གྱི་ཁུ་ཁུ་ཤིས་རི《འཛམ་གླིང་ཤུལ་བཞག་གི་མིང་གཞུང》ནང་ཚུད་ནས་ཀྲུང་གོའི་རྒྱ་ཁྱོན་ཆེ་ཤོས་ཀྱི་འཛམ་གླིང་རང་བྱུང་ཤུལ་བཞག་གི་ས་ཆར་གྱུར་ཡོད།
     ཁུ་ཁུ་ཤིས་རིའི་དག་ཞིང་དེར་སྲུང་སྐྱོང་ཡག་པོ་བྱེད་རྒྱུ་ནི་མཚོ་སྔོན་གྱིས་འཛམ་གླིང་ལ་ཁས་བླངས་པའི་དམ་བཅའ་ཞིག་རེད།
     འདས་ཟིན་པའི་ལོ་2རིང་། ལྷུན་གྲུབ་ཚེ་རྒྱལ་དང་རུ་མི་གཞན་དག་ཚོ་རི་སྐོར་རྒྱག་སྐབས་ཁེར་རྐྱང་མིན་ཏེ་མི་དེ་བས་མང་པོས་ཁུ་ཁུ་ཤིས་རིའི་སྣོད་བཅུད་སྲུང་སྐྱོང་གི་འགན་འཁྲི་འཁུར་བཞིན་ཡོད།
     ལོ་ངོ་70ཡི་དུས་ཡུན་རིང་། འཇིག་རྟེན་འདིར་འགྱུར་བ་ཇི་སྙེད་ཅིག་བྱུང་ཡང་། ས་མཐོའི་མི་དམངས་ཀྱིས“མིག་ལ་གཅེས་སྤྲས་བྱེད་པ་བཞིན་མཛེས་སྡུག་ལྡན་པའི་གཙང་ཆུའི་ཆུ་འགོར་སྲུང་སྐྱོང་བྱེད་པའི”ཐོག་མའི་བསམ་འདུན་ལ་འགྱུར་བ་གཏན་ནས་བྱུང་མྱོང་མེད།
     ད་ཆ་སྣོད་བཅུད་ཤེས་དཔལ་དེ་མཚོ་སྔོན་ལས་བྱེད་པ་དང་མང་ཚོགས་ཀྱིས་ཐུན་མོང་ཐོག་དོན་གཉེར་བྱེད་པའི་རིན་ཐང་ཡིན་པ་དང་མི་རིགས་ཁག་གི་མང་ཚོགས་ཚོས་ལྗང་མདོག་ཕྱིར་སྐྱོད་དང་། གད་སྙིགས་རིགས་དབྱེ། ཆུ་གྲོན་ཆུང་། ལྗང་མདོག་འཛད་སྤྱོད་བཅས་ཀྱི་བྱ་སྤྱོད་དངོས་ཐོག་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་ངོ་མཚར་ཆེ་བའི་ལེའུ་རྩོམ་བཞིན་ཡོད།