འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་1ཉིན།

༄༅༎དྲག་ཆར་བབས་པའི་རྐྱེན་གྱིས་སི་ཁྲོན་ལེང་ཧྲན་ཁུལ་གྱི་ཀན་ལུའོ་རྫོང་གི་གར་སོང་ཆ་མེད་དུ་འགྱུར་བའི་མི་གྲངས་12ཟིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་01ཉིན། 14:02】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་ཞོད་ཐན་སྔོན་འགོག་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཚེས་31ཉིན་གྱི་སྔ་དྲོར། ལེང་ཧྲན་ཁུལ་གེགས་འགོག་ལས་དོན་གཞུང་ལས་ཁང་གི་སྙན་ཞུའི་ནང་ཐོག་མའི་རིམ་བརྩིས་བྱས་པར་གཞིགས་ན་དྲག་ཆར་བབས་པའི་རྐྱེན་གྱིས་ཀན་ལུའོ་རྫོང་གི་གར་སོང་ཆ་མེད་དུ་འགྱུར་པའི་མི་གྲངས་5མང་དུ་ཕྱིན་ཡོད་ཅེས་བཀོད་ཡོད་པས། ཀན་ལུའོ་རྫོང་གི་གར་སོང་ཆ་མེད་དུ་འགྱུར་པའི་མི་གྲངས་12ཟིན་པ་རེད།
     ཆུ་ཚོད་18བར། G245ལམ་ཐིག་ཀྲེང་པན་ཀོའུ་ཟམ་པའི་ཉེ་འགྲམ་གྱི་ས་ཁོངས(ཀན་ལུའོ་རྫོང་ཤིན་ཧྲི་པ་གྲོང་རྡལ་གྱི་ཁོངས་གཏོགས)ཀྱི་གར་སོང་ཆ་མེད་དུ་འགྱུར་བའི་མི་5ཡི་ཐོབ་ཐང་ཞིབ་དཔྱད་བྱས་ཟིན་ལ། དེ་དག་ཚང་མ་ཀན་ལུའོ་རྫོང་ཕུའུ་ཁྲང་གྲོང་རྡལ་གྱི་མང་ཚོགས་ཡིན་པ་རེད།
     མིག་སྔར། མདུན་ཕྱོགས་ཀྱི་བཀོད་འདོམས་པུས་ཉེན་སེལ་སྟོབས་ཤུགས་དང་འཕྲུལ་ཆས་སྒྲིག་ཆས་མང་དུ་བཏང་ནས་རོགས་སྐྱོབ་ཀྱི་དུས་ཚོད་ཡག་ཤོས་དམ་འཛིན་བྱས་ཏེ་G245ལམ་ཐིག་གི་གར་སོང་ཆ་མེད་དུ་འགྱུར་བའི་མི་སྣའི་ས་ཁོངས་སུ་སྐྱོད་པའི་ཚེ་སྲོག་བགྲོད་ལམ་གང་མགྱོགས་ཤར་གཏོང་ཐུབ་པ་བྱས་པ་དང་གར་སོང་ཆ་མེད་དུ་འགྱུར་བའི་མི་སྣ་འཚོལ་སྐྱོབ་བྱེད་པའི་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་ཡོད་པ་རེད། G245ལམ་ཐིག་གི་ཀན་ལུའོ་དུམ་བུའི་ལམ་རྒྱུད་གྱི་གེགས་བར་ཐོན་ཡུལ་རིང་བ་དང་འགྲིམ་འགྲུལ་ཆད་པའི་གནས་ཚུལ་རྙོག་འཛིང་ཆེ་བ། ཕར་འགྲོ་ཚུར་འོང་བྱེད་མཁན་ཅུང་མང་བ། འཚོལ་སྐྱོབ་བྱེད་པའི་དཀའ་ཚེགས་ཧ་ཅང་ཆེ་བ་བཅས་ཀྱི་དབང་གིས། མིག་སྔར་ས་གནས་མང་པོར་སྔོག་ལས་བྱེད་པ་དང་ཕྱོགས་གཉིས་ནས་སྔོག་པའི་བྱ་ཐབས་སྤྱད་དེ།  ཕྱོགས་ཁག་གི་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་ནུས་ཤུགས་ཡོད་རྒུས་བར་མཚམས་ཆད་པའི་ཆ་ཤས་མྱུར་བཟོ་བྱས་ཏེ། ལྟེ་བའི་གེགས་ཁུལ་དུ་གྲལ་བཤེར་རོགས་སྐྱོབ་བྱེད་རྒྱུ་མགྱོགས་སུ་བཏང་བ་རེད། གཞན་ཡང་སྔོན་ལ་གར་སོང་ཆ་མེད་དུ་འགྱུར་བའི་མི་7ལ་དམིགས་པའི་འཚོལ་སྐྱོབ་ལས་དོན་ཡང་སྤེལ་བཞིན་ཡོད་པ་རེད། གནས་ཚུལ་ཞིབ་ཕྲ་ད་དུང་སྔར་བས་ཞིབ་བསྡུར་བྱེད་བཞིན་ཡོད།
     ཟླ་7ཚེས་28ཉིན་གྱི་ཆུ་ཚོད་9པ་ནས་ཚེས29ཉིན་གྱི་ཆུ་ཚོད་15བར། ཀན་ལུའོ་རྫོང་ཡོངས་ལ་དྲག་ཆར་བབས་པ་རེད། དྲག་ཆར་བབས་པའི་རྐྱེན་གྱིས་ཀན་ལུའོ་རྫོང་གི་ས་ཁོངས་ཁག་གཅིག་ཏུ་ཆུ་ལོག་དང་འདམ་རྡོའི་ཆུ་རུད་སོགས་རང་བྱུང་གནོད་འཚེ་ཐོན་ནས་འགྲིམ་འགྲུལ་དང་། འཕྲིན་གཏོང་། གློག་ཤུགས་བཅས་ཆད་པ་རེད།