འཚོལ་བཤེར།   
藏文频道
2019ལོའི་ཟླ་7ཚེས་30ཉིན།

༄༅།།རིག་གནས་དང་ཡུལ་སྐོར་པུས་རྒྱལ་ཡོངས་གྲོང་གསེབ་ཀྱི་ཡུལ་སྐོར་གཙོ་གནད་གྲོང་ཚོ་ཁག་
དང་པོའི་མིང་ཐོ་ཡོངས་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 07ཚེས་30ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ▶ རིག་གནས་དང་ཡུལ་སྐོར་པུས་རྒྱལ་ཡོངས་གྲོང་གསེབ་ཀྱི་ཡུལ་སྐོར་གཙོ་གནད་གྲོང་ཚོ་ཁག་དང་པོའི་མིང་ཐོ་ཡོངས་བསྒྲགས་བྱས་པ་དང་། དེའི་ནང་པེ་ཅིང་གྲོང་ཁྱེར་སྨི་ཡུན་ཆུས་ཀུའུ་པེ་ཁོའུ་གྲོང་རྡལ་ཀུའུ་པེ་ཁོའུ་གྲོང་ཚོ་ཚུད་པའི་གྲོང་ཚོ་320ཚུད་ཡོད།
     ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་7ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཚེས་28ཉིན། རིག་གནས་དང་ཡུལ་སྐོར་པུས་རྒྱལ་ཡོངས་གྲོང་གསེབ་ཀྱི་ཡུལ་སྐོར་གཙོ་གནད་གྲོང་ཚོ་ཁག་དང་པོའི་མིང་ཐོ་ཡོངས་བསྒྲགས་བྱས་པ་དང་། དེའི་ནང་པེ་ཅིང་གྲོང་ཁྱེར་སྨི་ཡུན་ཆུས་ཀུའུ་པེ་ཁོའུ་གྲོང་རྡལ་ཀུའུ་པེ་ཁོའུ་གྲོང་ཚོ་ཚུད་པའི་གྲོང་ཚོ་320ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན་མིང་ཐོ་དེ་རིག་གནས་དང་ཡུལ་སྐོར་པུའུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་མཉམ་དུ་གདམ་གསེས་བྱས་ནས་བཏོན་པ་ཞིག་རེད།
     ཚེས་28ཉིན། རྒྱལ་ཡོངས་གྲོང་གསེབ་ཀྱི་ཡུལ་སྐོར(མང་ཚོགས་སྡོད་ཁང)ལས་དོན་གྱི་ས་གནས་ས་ཐོག་གི་ཚོགས་འདུ་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་དུ་འཚོགས་པ་རེད། ཚོགས་འདུའི་ཐོག“ཐོན་ལས་དར་རྒྱས་ཆེ་བ་དང་། སྣོད་བཅུད་སྡོད་མལ་འཚམ་པ། ཡུལ་སྲོལ་བཟང་བ། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག”བཅས་ཀྱི་དམིགས་ཚད་ལ་གཞིགས་ནས་རང་འགུལ་ངང་འགན་འཁུར་བ་དང་གསར་འབྱེད་གསར་གཏོད་ཀྱིས་གྲོང་གསེབ་ཀྱི་ཡུལ་སྐོར་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་བཏང་ནས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་དགོས་ཞེས་བསྟན་ཡོད་པ་རེད།
     ཚོགས་འདུའི་ཐོག་རྒྱལ་ཡོངས་གྲོང་གསེབ་ཀྱི་ཡུལ་སྐོར་གཙོ་གནད་གྲོང་ཚོར་ཆེད་དོན་དངུལ་རྩའི་རྒྱབ་སྐྱོར་བྱས་ནས་འབྱུང་འགྱུར་ལོ་5ཡི་ནང་ཀྲུང་གོ་ཞིང་ལས་དངུལ་ཁང་གིས་རྒྱལ་ཡོངས་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོར་སྒོར་དུང་ཕྱུར་1000གི་འདོད་མོས་རང་བཞིན་གྱི་ཡིད་རྟོན་གྲངས་ཚད་མཁོ་འདོན་བྱས་ཡོད་ཅེས་བཏོན་ཡོད་པ་རེད།
     རིག་གནས་དང་ཡུལ་སྐོར་པུའི་འགན་འཁུར་བས་ཚོགས་འདུའི་ཐོག་གྲོང་གསེབ་ཀྱི་ཡུལ་མིའི་སྡོད་ཁང་ཚད་ལྡན་དང་འཕེལ་རྒྱས་གཏོང་རྒྱུ་དེ་གྲོང་གསེབ་ཡུལ་སྐོར་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ལ་བརྩི་དགོས་ཞེས་བསྟན་པ་དང་། ཁོང་གིས་རིག་གནས་ཀྱི་ཁྲིད་སྟོན་དང་གྲོང་གསེབ་ཀྱི་ཁྱད་ཆོས་མཐའ་འཁྱོངས་བྱས་ནས་གྲོང་གསེབ་ཀྱི་ཡུལ་མིའི་སྡོད་ཁང་དེ་གྲོང་ཁྱེར་གསོལ་མགྲོན་ཁང་གི“འདྲ་བཤུས”དང་ཞིང་དུད་སྤྲོ་སྐྱིད་ཁང་གི་སྟབས་བདེའི“གསར་བསྒྱུར”ལ་མི་འགྱུར་བ་བྱེད་དགོས། ལྗང་མདོག་འཕེལ་རྒྱས་དང་སྲུང་སྐྱོང་སྔོན་འཇོག་མཐའ་འཁྱོངས་བྱས་ནས་འཕྲལ་བདེ་འཕྲལ་ཕན་དང་བཤིག་སྐྲུན་ཤུགས་ཆེན་དང་། གྲོང་གསེབ་ཀྱི་སྔར་ཡོད་རྣམ་པར་གཏོར་བཤིག་གཏོང་བ་གཏན་འགོག་བྱེད་དགོས། ཞིང་པའི་བྱེད་པོ་དང་། དམངས་ཀྱི་འཛད་སྤྱོད་མཐའ་འཁྱོངས་བྱས་ནས། རྒྱས་སྤྲོས་ཅན་དང་། ཡ་མཚན་ཅན། གོང་མཐོ་ཅན་བཅས་ཀྱི་གནས་ཚུལ་མི་ཐོན་པ་བྱས་ཏེ། གྲོང་གསེབ་ཀྱི་ཡུལ་མིའི་སྡོད་ཁང་འཕེལ་རྒྱས་ཀྱི་ངོ་བོ་དང་ཕྱོགས་འཛོལ་མི་ཡོང་བ་བྱེད་དགོས་ཞེས་བརྗོད་པ་རེད།
     རིག་གནས་དང་ཡུལ་སྐོར་པུའི་འགན་འཁུར་བས་གྲོང་གསེབ་ཀྱི་ཡུལ་མིའི་སྡོད་ཁང་འཕེལ་རྒྱས་དང་དབུལ་སྒྲོལ་ཕྱུག་འགྱུར་ཟུང་འབྲེལ་བྱས་ནས་ཞིང་པ་དང་དུད་ཚང་དབུལ་པོ་ཡུལ་མིའི་སྡོད་ཁང་གཉེར་སྐྱོང་ཞབས་ཞུའི་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱས་ནས་དབུལ་སྒྲོལ་ཕྱུག་འགྱུར་གྱི་འཇོན་ཐང་ཆེ་རུ་གཏོང་དགོས། སྤྱི་ཚོགས་ཀྱི་མ་དངུལ་གྲོང་གསེབ་ཀྱི་ཡུལ་མིའི་སྡོད་ཁང་འཛུགས་སྐྲུན་ནང་གཏོང་རྒྱུར་ཚན་རིག་དང་མཐུན་པའི་ངང་ཁྲིད་སྟོན་བྱས་ནས་ཞིང་དུད་རང་བརྟེན་གཉེར་སྐྱོང་དང་། “ཀུང་སི་དང་ཞིང་དུད་ཟུང་འབྲེལ”དང་། “མཉམ་ལས་ཁང་དང་ཞིང་དུད་ཟུང་འབྲེལ” “མངོན་འགྱུར་བ་དང་ཞིང་དུད་ཟུང་འབྲེལ” “ཀུང་སི་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས། ཞིང་དུད་བཅས་མཉམ་འབྲེལ”སོགས་ཀྱི་ཐབས་ལམ་འཚོལ་ཞིབ་བྱེད་དགོས་པའི་ནན་བཤད་བྱས་པ་རེད།