འཚོལ་བཤེར།   
藏文频道
2019ལོའི་ཟླ་7ཚེས་12ཉིན།

༄༅༎བོད་རིགས་ས་ཁུལ་གྱི་མི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་ཡག་པོ་བྱེད་པ།

—— “སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་དུ་གཏོད་པའི”སྤྱི་ཕན་བྱེད་སྒོ་བདེ་ཆེན་དུ་སྤེལ་བའི་མཐོང་ཐོས།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 07ཚེས་12ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
      ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་ཟླ་7ཚེས་10ཉིན་གློག་འཕྲིན་འབྱོར་གསལ། དབྱར་ཁའི་སེམས་ཀྱི་ཉི་ཟླ་གྲོང་དུ་ཆར་པ་སིམ་སིམ་བབས་པས་གནམ་གཤིས་དྲོ་གྲང་སྙོམས་པོ་ཡོད། སྨན་བཅོས་རིགས་གཅིག་མཁས་ཅན་དང་དེ་བཞིན་དང་བླངས་པ་ཚོས་སྤྲོ་བ་ཆེན་པོས་ནད་པ་ཚོར་སྨན་བཅོས་བརྟག་དཔྱད་དང་ཞབས་འདེགས་ཞུ་བཞིན་ཡོད་པ་རེད།
     2019ལོའི“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་དུ་གཏོད་པའི”སྨན་བཅོས་སྤྱི་ཕན་བྱེད་སྒོ་ཆེ་གྲས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་རུ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་སྨན་བཅོས་རིགས་གཅིག་མཁས་ཅན་དང་དེ་བཞིན་དང་བླངས་པ་ཚོས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་། ཝེ་ཤིས་ལི་སུའུ་རིགས་རང་སྐྱོང་རྫོང་། བདེ་ཆེན་རྫོང་བཅས་སུ་སྨན་བཅོས་སྤྱི་ཕན་བྱེད་སྒོ་སྤེལ་བཞིན་ཡོད། དེ་ནི“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་དུ་གཏོད་པའི”སྤྱི་ཕན་རྣམ་གྲངས་ཀྱི་བྱེད་སྒོ་ལོ་ལྔ་སོང་རྗེས་སླར་ཡང་བདེ་ཆེན་ཀྲོའུ་རུ་སྤེལ་བར་ཡོང་བ་ཞིག་རེད།
     ཉིན་ཤས་བསྟུད་མར་བདེ་ཆེན་ཀྲོའུ་ཡི་མི་དམངས་རྣམས་གཅིག་རྗེས་གཉིས་མཐུད་ངང་འོས་འགན་སྨན་བཅོས་ས་ཚིགས་སུ་བློ་འདྲི་དང་སྨན་བཅོས་བརྟག་དཔྱད་བྱེད་པར་བསྐྱོད། འདི་ལོ་ལོ་64ལ་སླེབས་པའི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གསེར་འབྲུག་སྡེ་ཁུལ་གྱི་ཡུལ་མི་བཀྲ་ཤིས་ཚེ་རིང་ལ་སྙིང་ཁམས་ཁྲག་རྩའི་ནད་ཕོག་ནས་ཡུན་རིང་སོང་བ་དང་། ད་ཐེངས་འོས་འགན་སྨན་བཅོས་བྱེད་སྒོའི་ཡུལ་དུ་པེ་ཅིང་ཐེན་ཐན་སྨན་ཁང་སྙིང་ཁམས་ཁྲག་རྩའི་ཚན་ཁག་གི་ཀྲུའུ་རེན་ཞུས་ཏུང་ཆེད་མངགས་བཙལ་ནས་ནད་བལྟས་པ་རེད། ཞུས་ཏུང་གིས་བཀྲ་ཤིས་ལ་བརྟག་དཔྱད་རགས་ཙམ་བྱས་ནས་ནད་ཕོག་ཚུལ་སྐད་ཆ་ཞིབ་ཕྲ་དྲིས་པ་མ་ཟད། སྨན་བཅོས་ཀྱི་ཇུས་གཞི་ཡང་བཟོས་པ་དང་སྦྲགས་རྒྱུན་གཏན་གྱི་འཚོ་བའི་ཁྲོད་དོ་སྣང་བྱེད་དགོས་པའི་གནད་དོན་ཁ་གསལ་བཤད་པ་རེད།
     “ཁྲག་ཤེད་མཐོ་བ་དང་ལྷན་སྐྱེས་སྙིང་ནད་གཉིས་ནི་ས་མཐོའི་རྒྱུན་མཐོང་གི་ནད་རིགས་གཉིས་རེད”ཅེས་ཞུས་ཏུང་གིས་གསར་འགོད་པར་བརྗོད་ཅིང་། ཁོང་གིས་ས་མཐོར་གསོ་རླུང་དཀོན་པ་དང་འཕྲོད་བསྟེན་ཆ་རྐྱེན་ཞན་པས་དར་མར་ཁྲག་ཤེད་མཐོ་བའི་ནད་ཕོག་མང་བ་དང་ཕྲུ་གུར་ལྷན་སྐྱེས་སྙིང་ནད་ཕོག་ཚད་ཀྱང་ཅུང་མང་པོ་ཡོད། ད་ཐེངས་ངས་བོད་རིགས་ས་ཁུལ་གྱི་མི་དམངས་ལ་ཁྲག་ཤེད་མཐོ་བའི་ནད་སྨན་བཅོས་བྱས་ནས་སྔོན་འགོག་བྱ་ཐབས་སློབ་རྒྱུ་དང་དུས་མཚུངས་ད་དུང་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་རོགས་སྐྱོབ་བྱ་རྒྱུ་ཡིན། ནད་གཞི་ཚབས་ཆེན་ཕོག་པ་རྣམས་པེ་ཅིང་དུ་ཁྲིད་དེ་རིན་མེད་ངང་སྨན་བཅོས་བྱ་རྒྱུ་ཡིན་ཞེས་བརྗོད།
     གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། 2014ལོར“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་དུ་གཏོད་པའི”སྨན་བཅོས་རུ་ཁག་གིས་བདེ་ཆེན་ནས་གཞོན་ནུ་ལོ་ཆུང་དང་བྱིས་པ་ཁྲི་ལས་བརྒལ་བར་བརྟག་དཔྱད་བྱས་ནས་མཐར་ནད་གཞི་ལྕི་བའི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་35པེ་ཅིང་དུ་ཁྲིད་དེ་སྨན་བཅོས་བྱས་པ་དང་། ད་ཆ་ཁོང་ཚོ་ཚང་མ་བདེ་ཐང་ངང་འཚར་ལོངས་ཡོང་བཞིན་ཡོད་པ་རེད།
     ཚེས་9ཉིན་གྱི་འཚམས་འདྲིའི་བྱེད་སྒོའི་ནང་ཕྲུ་གུ་དེ་དག་གིས་ལོ་ལྔ་ཡི་གོང་ཁོང་ཚོར་སྨན་བཅོས་བྱེད་མཁན་སྨན་པ་དང་ལྷན་འཛོམས་བྱས་ནས་མཛའ་རྩེའི་གླེང་མོལ་བྱས་པ་དང་སྦྲགས་ཡང་བསྐྱར་བརྟག་དཔྱད་བྱས་པ་རེད། འདི་ལོ་ལོ་21ལ་སླེབས་པའི་ལི་སུའུ་རིགས་ཀྱི་བུ་ཧོ་ཞུང་ལ་ལོ5ཡི་གོང་ལྷན་སྐྱེས་སྙིང་ནད་ཚབས་ཆེན་ཕོག་ཡོད་པ་བརྟག་དཔྱད་ཐུབ་རུང་ཁྱིམ་ཚང་ལ་དཀའ་ངལ་ཆེན་པོ་ཡོད་པས“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་དུ་གཏོད་པའི”སྤྱི་ཕན་བྱེད་སྒོའི་རོགས་རམ་འོག་ཞུས་ཏུང་གིས་པེ་ཅིང་དུ་ཁོང་ལ་གཤགས་བཅོས་བྱས་པ་རེད། ད་ཆ་ཁོང་གི་གཟུགས་པོ་བདེ་ཐང་ཡིན་པའི་ཁར་ལུས་སྦྱོང་འོས་འཚམ་བྱེད་ཐུབ་པ་དང་སང་ལོར་གཉེན་སྒྲིག་བྱ་རྩིས་ཡོད། “ང་ལ་ཚེ་སྲོག་གཉིས་པ་བྱུང་མྱོང་ཡོད། གཅིག་ནི་ཨ་མས་སྤྲད་པ་དང་ཅིག་ཤོས་ནི་སྨན་པ་ཞུས་ལགས་ཀྱིས་གནང་བྱུང་། ངས་བློ་སྟོབས་ཆེན་པོའི་ངང་འཚོ་བ་བསྐྱལ་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཆེད་འབད་འཐབ་བྱ་ངེས་ཡིན”ཞེས་ཧོ་ཞུང་གིས་བཤད།
     བསྡོམས་རྩིས་ལ་གཞིགས་ན། “སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་དུ་གཏོད་པའི”སྨན་བཅོས་སྤྱི་ཕན་རྣམ་གྲངས་ནི་2008ལོར་སྤེལ་འགོ་ཚུགས་ཚུན་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་མི་ཐེངས་1500ལྷག་ཙམ་ལ་སྨན་བཅོས་བྱས་ཡོད།
     འབྲི་ཆུ་བཅད་དེ་རི་བོ་འཕྲེད་བརྒལ་བཏང་། མི་རིགས་དབར་གྱི་བརྩེ་བ་མཉམ་དུ་གཏོད། ད་ཐེངས་ཀྱི་སྨན་བཅོས་སྤྱི་ཕན་བྱེད་སྒོས་བདེ་ཆེན་མི་དམངས་ལ་བདེ་ཐང་ཡོང་བ་བྱས་པ་དང་དུས་མཚུངས་ད་དུང་སྤུན་ཟླའི་བརྩེ་བ་ཟབ་མོ་མཚོན་པར་ཡང་བྱས་ཡོད།
     འདི་ལོ་ལོ་53ལ་སླེབས་པའི་སེམས་ཀྱི་ཉི་ཟླའི་གྲོང་མི་ཧུང་དབྱིང་ལ་ཕོ་བའི་ནད་ཕོག་པས་ས་གནས་ཀྱི་སྨན་བཅོས་ཆུ་ཚད་ཞན་པའི་རྐྱེན་གྱིས་སྨན་བཅོས་ཡག་པོ་ཐུབ་མེད། ད་ཐེངས་ཀྱི་འོས་འགན་སྨན་བཅོས་བྱེད་སྒོའི་རིང་ཁོ་མོས་ཆེད་མངགས་བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་གསོ་རིག་ལྟེ་གནས་གསུམ་པའི་ཀྲུང་ལུགས་དང་ཕྱི་ལུགས་སྨན་བཅོས་ཟུང་འབྲེལ་ཚན་ཁག་གི་ཀྲུན་རེན་གཞོན་པ་སྨན་པ་བཀའ་བཅུ་པ་ཡོན་ཧུང་ལ་བློ་འདྲི་བྱས་ཤིང་། ཡོན་ཧུང་གིས་སྐད་ཆ་ཞིབ་ཕྲ་དྲིས་རྗེས་བཟའ་བཅར་དོ་སྣང་བྱེད་དགོས་ལུགས་འགྲེལ་བཤད་གསལ་པོ་བརྒྱབ་པ་དང་འབྲེལ་སྨན་ཐོའང་བྲིས་ཡོད། དང་བླངས་པས་སྨན་ཐོ་གཞིར་བཟུང་། ཧུང་དབྱིང་ལ་ཡུལ་དངོས་སུ་རིན་མེད་ངང་ཀྲུང་ལུགས་སྨན་སྤྲད་པ་རེད། ཧུང་དབྱིང་གིས་དགའ་ཚོར་ཆེན་པོའི་ངང་ཐུགས་རྗེ་ཆེ་ཞུས་ཤིང་། ཁོ་མོས“དེ་སྔོན་གྲོང་ཁྱེར་ཆེན་པོར་ནད་ལྟ་བར་འགྲོ་བའི་གོ་སྐབས་མེད། ད་ཐེངས་སྒོ་རྩར་རིགས་གཅིག་མཁས་ལ་ནད་བསྟེན་རྒྱུ་བྱུང་བས་དགའ་ཚོར་ཆེན་པོ་བྱུང”ཞེས་བཤད།
     “སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་དུ་གཏོད་པའི”སྒྲིག་འཛུགས་ཨུ་ལྷན་གྱི་དྲུང་ཆེ་ཀྲའོ་ཐའོ་ཡིས“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་དུ་གཏོད་པའི”སྤྱི་ཕན་བྱེད་སྒོ་སླད་ཕྱིན་མུ་མཐུད་སྤེལ་རྒྱུ་ཡིན། བོད་རིགས་ས་ཁུལ་གྱི་མི་དམངས་ལ་ནམ་ཡང་གནས་ཐུབ་པའི་སྨན་བཅོས་རུ་ཁག་ཅིག་བཞག་ནས་ཁོང་ཚོའི་བདེ་ཐང་སྲུང་མཁན“སྲུང་མ”ལྟ་བུར་འགྱུར་བ་བྱ་རྒྱུ་ཡིན། ཤེས་ཡོན་ཅན་དེ་བས་མང་བ་མཐའ་མཚམས་ས་ཁུལ་གྱི་སྨན་བཅོས་སྤྱི་ཕན་བྱ་གཞག་ཁྲོད་ཞུགས་ནས་དམངས་ཡོངས་ལ་བདེ་ཐང་ཡོང་བ་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།