འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་20ཉིན།

༄༅།།སུན་ཁྲུན་ལན་གྱིས་གསུངས་དོན། མཐོ་སློབ་ཀྱི་གསར་གཏོད་འཇོན་ཐང་དང་སྒོ་དབྱེ་མཉམ་ལས་ལ་
ཤུགས་སྣོན་བརྒྱབ་སྟེ་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ལ་ཞབས་འདེགས་དེ་
བས་ལེགས་པ་ཞུ་དགོས།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་20ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཧྲང་ཧའེ་ནས་ཟླ་6ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་17ཉིན་དང་ཚེས་18ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་གྱིས་ཧྲང་ཧའེ་རུ་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན། མཐོ་སློབ་ཁག་གིས་གསར་གཏོད་ཀྱི་འཇོན་ཐང་དང་སྒོ་དབྱེ་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྒོ་དབྱེ་རྣམ་པའི་ཐོག་ནས་འཛམ་གླིང་རྒྱལ་ཁབ་ཁག་དང་སྤེལ་རེས་དང་ཕན་ཚུན་མྱོང་ལེན་བྱེད་པ། ཕྱོགས་ཁག་གི་གསར་གཏོད་ཐོན་ཁུངས་བསྡུ་སྒྲིལ་རྒྱ་ཁྱབ་བྱེད་པ། མཐོ་རིམ་དང་། ཞིབ་ཚགས། རྩེར་སོན། དཀོན་པ་བཅས་ཀྱི་ཤེས་ལྡན་མི་སྣ་ནང་འདྲེན་དང་གསོ་སྐྱོང་བྱས་ཏེ་ཚན་རྩལ་གསར་གཏོད་ཀྱི་འཇོན་ཐང་ཆེ་རུ་བཏང་ཐོག་སྤུས་ཚད་མཐོ་བའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཆང་འབྲེལ་ཡོད་བྱེད་སྒོར་ཞུགས་པ་རེད།
     སུན་ཁྲུན་ལན་ཧྥུའུ་ཏན་སློབ་ཆེན་དང་། ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན། ཧྲང་ཧའེ་ཚན་རྩལ་སློབ་ཆེན་བཅས་སུ་ཕེབས་ཏེ་ས་གནས་ས་ཐོག་ཏུ་འདུས་གྲུབ་གློག་ལམ་དང་། ཀླད་པའི་ཚན་རིག མཚོ་གཏིང་སྒྲིག་ཆས། འོད་ཁྲིད་འཕྲིན་གཏོང་གསར་པ། མིས་བཟོས་རིག་ནུས་སོགས་ཀྱི་ཚན་ཞིབ་འགག་སྒྲོལ་ལ་བརྟག་ཞིབ་གནང་བ་དང་མཐོ་སློབ་ཀྱིས་ཤེས་ལྡན་པ་ནང་འདྲེན་དང་གསོ་སྐྱོང་བྱས་ཚུལ་མཁྱེན་རྟོགས་གནང་བ་རེད། ཁོང་གིས་མཐོ་སློབ་ནི་རང་རྒྱལ་གྱི་གདོད་མའི་གསར་གཏོད་ཀྱི་ཐབས་ལམ་གཙོ་བོ་དང་གསར་གཏོད་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་གཡུལ་ས་གཙོ་བོ་དེ་ཡིན་པས་ཕྱི་ཕྱོགས་ཀྱི་གཏན་འཁེལ་མེད་པའི་རྒྱུ་རྐྱེན་ཇི་ཙམ་མང་བ་དང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་འགག་རྩའི་དུས་སྐབས་སུ་རང་སྟོབས་རང་འབད་ཀྱི་སྙིང་སྟོབས་དེ་ཙམ་གྱིས་དར་སྤེལ་བཏང་སྟེ་གནོན་ཤུགས་ལ་བརྟེན་ནས་འཕོ་འགྱུར་ལ་སྐུལ་འདེད་གཏོང་བ་དང་། རང་བརྟེན་གསར་གཏོད་ཀྱི་ངར་ཤུགས་དང་སྙིང་སྟོབས་འཕེལ་བར་བྱས་ཐོག་འགག་རྩའི་ལྟེ་བའི་ལག་རྩལ་གཅིག་སྡུད་འགག་སྒྲོལ་ལ་ཤུགས་སྣོན་བརྒྱབ་སྟེ་ཚད་བརྒལ་འགངས་ཆེན་གང་མགྱོགས་མངོན་འགྱུར་ཐུབ་པ་བྱས་ནས་རྒྱལ་ཁབ་དང་མི་རིགས་ཀྱི་འཕེལ་རྒྱས་ཆེད་རང་འགུལ་ངང་ནུས་ཤུགས་འདོན་པ་དང་གཟི་བརྗིད་བརྩོན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
     སུན་ཁྲུན་ལན་གྱིས་ཧྲང་ཧའེ་རུ་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཧྲང་ཧའེ་གྲོང་ཁྱེར་དང་མཐོ་སློབ་ཁག་གཅིག་གི་འགན་འཁུར་བློ་མཐུན་གྱི་བསམ་འཆར་དང་གྲོས་འགོ་གསན་པ་རེད། ཁོང་གིས་ནན་བཤད་གནང་དོན། ཏང་ཀྲུང་དབྱང་གིས་གསར་གཏོད་ཀྱི་འཇོན་ཐང་དང་སྒོ་དབྱེ་མཉམ་ལས་ལ་ཤུགས་སྣོན་རྒྱག་པར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ཚོགས་འདུའི་ཐོག《གསར་གཏོད་ཀྱི་འཇོན་ཐང་དང་སྒོ་དབྱེ་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། མཐོ་སློབ་ལ་བླང་བྱ་ཁ་གསལ་བཏོན་གནང་ཡོད། མཐོ་སློབ་ཀྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་དང་འབྲེལ་མཐུད་དམ་ཟབ་བྱས་ཏེ་གོ་ལ་ཧྲིལ་པོའི་མིག་རྒྱང་ནས་ཚན་རྩལ་གསར་གཏོད་ལ་ཇུས་འགོད་དང་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་པོའི་གསར་གཏོད་ཐོན་ཁུངས་བེད་སྤྱོད་བྱེད་ནུས་ཆེ་རུ་བཏང་ནས་མཐོ་རིམ་སློབ་གསོར་མཆོང་སྐྱོད་ཡོང་བར་སྐུལ་འདེད་གཏོང་དགོས་པ་དང་། འགག་རྩའི་ལྟེ་བའི་ལག་རྩལ་ལ་དམིགས་ཏེ་སྡེ་ཚན་དང་། མཐོ་སློབ། ཁེ་ལས་བཅས་ཀྱི་གསར་གཏོད་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ་དང་། གཅིག་སྡུད་འགག་སྒྲོལ་ལས་སྟེགས་འཛུགས་པ། ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་མཉམ་ལས་མཉམ་འགུལ་བཅས་བྱས་ནས་མཐོ་སློབ་ཀྱི་ཚན་རྩལ་གསར་གཏོད་ལེགས་ཆ་ཐོན་ལས་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བ་བྱེད་དགོས་པ། ཨང་རྩིས་སོགས་རྨང་གཞིའི་རིག་ཚན་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ནས་སློབ་ཁྲིད་ཚན་ཞིབ་ཀྱི་ཤུགས་ཚད་དང་། གཏིང་ཚད། དཀའ་ཚད་བཅས་ཐད་ཤུགས་བརྒྱབ་སྟེ་ཐོན་ཁུངས་དེ་བས་མང་བ་ལེགས་ལྡན་རྨང་གཞིའི་རིག་ཚན་དུ་གཅིག་སྡུད་བྱས་ཏེ་གཙོ་རྒོལ་ཁ་ཕྱོགས་གསལ་པོ་བཟོ་བ་དང་། གདེང་འཇོག་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དགེ་རྒན་དང་ཚན་ཞིབ་མི་སྣས་བློ་རྩེ་གཅིག་སྒྲིམ་གྱིས་ཞིབ་འཇུག་བྱེད་པར་སྐུལ་འདེད་གཏོང་བ། གཞོན་ནུ་ཤེས་ལྡན་པར་འགན་དཀྲི་ཕོད་པ་བཅས་བྱས་ཏེ་དེ་བས་ལྷུག་པའི་ཚན་ཞིབ་ཁོར་ཡུག་ཞིག་གཏོད་དགོས་པ། དངོས་གཞིའི་ཚན་ཁག་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དངོས་གཞིའི་ཚན་ཁག་གི་སློབ་གསོའི་རྨང་གཞིའི་འཇོན་ཐང་ལ་མཐོང་ཆེན་བྱས་ཏེ་ཀུན་ཁྱབ་སློབ་གསོར་ཤུགས་སྣོན་བརྒྱབ་ནས་སློབ་མའི་ཤེས་རྒྱ་ཡངས་པ་དང་རྩེར་སོན་དང་བྱང་ཆུབ་པ་ཡོང་རྒྱུ་གཅིག་གྱུར་བྱས་ཏེ་འཕེལ་རྒྱས་ཀྱི་རྟིང་ཤུགས་འཕེལ་བར་བྱས་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་དགོས་པ་བཅས་རེད། འབྲེལ་ཡོད་ས་གནས་དང་སྡེ་ཚན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ་དང་མཐོ་སློབ་ཀྱི་གསར་གཏོད་ཀྱི་འཇོན་ཐང་དང་སྒོ་དབྱེ་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱས་ནས་སློབ་གསོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།