འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་18ཉིན།

༄༅།།ཟླ་དང་པོ་ནས་བཞི་པའི་བར་རང་རྒྱལ་གྱི་ཞབས་ཞུའི་ཉོ་ཚོང་དངུལ་འབོར་སྒོར་
དུང་ཕྱུར་17446.3ཟིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་18ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚོང་དོན་པུའུ་ཞབས་ཞུ་ཉོ་ཚོང་སིའི་འགན་འཁུར་བས་ཚེས་12ཉིན་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་དང་པོ་ནས་བཞི་པའི་བར་རང་རྒྱལ་གྱི་ཞབས་ཞུའི་ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར་17446.3ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་4.1%འཕར་ཡོད། དེའི་ནང་ཕྱིར་གཏོང་དངུལ་འབོར་སྒོར་དུང་ཕྱུར་6192.8ཟིན་ནས་10.1%འཕར་བ་དང་། ནང་འདྲེན་དངུལ་འབོར་སྒོར་དུང་ཕྱུར་11253.4ཟིན་ནས་1.1%འཕར་བ། ཧེ་བག་སྒོར་དུང་ཕྱུར་5060.6ཟིན་ནས་9.7%ཆག་ཡོད་པ་རེད།
     ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་གྱི་འཕར་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཞིང་། ཟླ་4པར་རང་རྒྱལ་གྱི་ཞབས་ཞུའི་ལས་རིགས་ཀྱི་ཐོན་སྐྱེད་སྟོན་གྲངས་7.4%ཟིན་པ་དང་། ན་ནིང་ཟླ་9པ་ཚུན་གྱི་མཐོ་ཤོས་གཉིས་པར་སླེབས་ནས་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་ཅུང་མགྱོགས་པོ་འཕར་རྒྱུར་སྐུལ་ཁྲིད་ཐུབ་པ་དང་། ཟླ་4པ་ཁོ་ནར་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་གྱི་འཕར་ཚད་9%ཟིན་ནས་ཟླ་3པ་ལས་བརྒྱ་ཆའི་གྲངས་6.8འཕར་བ། ཟླ་དང་པོ་ནས་བཞི་པའི་བར་གྱི་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་གྱི་འཕར་ཚད་བརྒྱ་ཆའི་གྲངས་1.5འཕར་རྒྱུར་ཡར་སྐུལ་ཐུབ་པ་དེ་ཐོག་ནས་རང་རྒྱལ་གྱི་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་སྤྱིའི་ཆ་ནས་བརྟན་ལ་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་ཚུལ་མུ་མཐུད་རྒྱུན་འཁྱོངས་ཐུབ་པ་མཚོན་ཡོད།
     ཞབས་ཞུའི་ཕྱིར་གཏོང་གི་བསྡུར་ཚད་མུ་མཐུད་མཐོ་རུ་སོང་ཞིང་། གཅིག་རྗེས་གཉིས་མཐུད་ངང་བཏོན་པའི་ཁྲལ་རིན་གཉིས་གཅོག་དང་ཞབས་ཞུའི་ཉོ་ཚོང་གསར་གཏོད་འཕེལ་རྒྱས་ཀྱི་ཚོད་ལྟ་གཏིང་ཟབ་ཏུ་གཏོང་བ་སོགས་ཀྱི་སྲིད་ཇུས་དང་བྱེད་ཐབས་ལས་ཞབས་ཞུའི་ཉོ་ཚོང་གི་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་ཆེ་རུ་ནུས་ལྡན་ཕྱིན་པ་དང། “ཀྲུང་གོའི་ཞབས་ཞུའི”སྤུས་རྟགས་ཀྱི་རིན་ཐང་མུ་མཐུད་ཆེ་རུ་འགྲོ་རྒྱུར་སྐུལ་མ་ཐེབས་པ། ཞབས་ཞུའི་ཕྱིར་གཏོང་གི་ལེགས་ཆ་སྔར་བས་ཆེ་རུ་ཕྱིན་ཡོད། ཟླ་དང་པོ་ནས་བཞི་པའི་བར་ཞབས་ཞུའི་ཕྱིར་གཏོང་གྲངས་གནས་གཉིས་འཕར་རྒྱུ་མུ་མཐུད་རྒྱུན་འཁྱོངས་ཐུབ་པ་དེ་ནང་འདྲེན་གྱི་འཕར་ཚད་ལས་བརྒྱ་ཆའི་གྲངས་9ཡིས་མཐོ་བ་ཡོད་པ་དང་། ཞབས་ཞུའི་ཕྱིར་གཏོང་གིས་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་གྱི་བསྡུར་ཚད་ཀྱི་35.5%ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་1.9ཡིས་མཐོ་རུ་ཕྱིན་པ་དང་ཞབས་ཞུའི་ཉོ་ཚོང་གི་ཧེ་བག་མངོན་གསལ་དོད་པོས་ཆུང་དུ་འགྲོ་རྒྱུར་སྐུལ་མ་ཐེབས་ཡོད།
     ཤེས་བྱ་མང་འདུས་ཅན་གྱི་ཞབས་ཞུའི་མཚོན་ཚུན་མངོན་གསལ་དོད་དུ་སོང་ཞིང་། རང་རྒྱལ་གྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་བཏང་བ་དང་དེ་བཞིན་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ཁྱབ་ཁོངས་ཀྱི་འགྲན་རྩོད་ནུས་པ་རིམ་བཞིན་ཆེ་རུ་ཕྱིན་པ་དང་བསྟུན་ནས་ཟུར་སྣོན་རིན་ཐང་མཐོ་བ་དང་ལག་རྩལ་འདུས་ཚད་མཐོ་བའི་ཤེས་བྱ་མང་འདུས་ཅན་གྱི་ཞབས་ཞུའི་ཉོ་ཚོང་འཕེལ་རྒྱས་མགྱོགས་པོ་ཕྱིན་ཡོད། ཟླ་དང་པོ་ནས་བཞི་པའི་བར་རང་རྒྱལ་གྱི་ཤེས་བྱ་མང་འདུས་ཅན་གྱི་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་5972.8ཟིན་ནས་12.7%འཕར་བ་དེ་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་གྱི་འཕར་ཚད་ཧྲིལ་པོ་ལས་བརྒྱ་ཆའི་གྲངས་8.6ཡིས་མཐོ་བ་ཡོད་པ་དེས་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་བསྡུར་ཚད་ཀྱི་34.2%ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་2.5ཡིས་མཐོ་བ་ཡོད་པ་རེད།
     ཚོང་དོན་པུའི་ལས་སྒོའི་བསྡོམས་རྩིས་གཞིར་བཟུང་། ཟླ་དང་པོ་ནས་བཞི་པའི་བར་རང་རྒྱལ་ཁེ་ལས་ཀྱི་ཞབས་ཞུ་གཞན་ལ་འགན་གཙང་སྤྲད་པའི་གན་རྒྱའི་དངུལ་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་3982.6དང་ལག་བསྟར་དངུལ་འབོར་སྒོར་དུང་ཕྱུར་2239.6ཟིན་ནས་18.3%དང་4.7%སོ་སོར་འཕར་ཡོད། དེའི་ནང་ཁོངས་བརྒལ་ཞབས་ཞུ་གཞན་ལ་འགན་གཙང་སྤྲད་པའི་གན་རྒྱའི་དངུལ་འབོར་སྒོར་དུང་ཕྱུར་2573.6དང་ལག་བསྟར་དངུལ་འབོར་སྒོར་དུང་ཕྱུར་1351.7ཟིན་ནས་20.5%དང་3%སོ་སོར་འཕར་ཡོད།
     “རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་ཁྲོད་ཨུ་རུ་སུ་དང་ཡོ་རོབ་དབུས་ཤར་གྱི་རྒྱལ་ཁབ་ཀྱི་ཞབས་ཞུ་གཞན་ལ་འགན་གཙང་སྤྲོད་པའི་གན་རྒྱའི་མྱུར་ཚད་མགྱོགས་སུ་ཕྱིན་ཞིང་། ཟླ་དང་པོ་ནས་བཞི་པའི་བར་རང་རྒྱལ་གྱིས་དང་ལེན་བྱས་པའི“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་ཀྱི་ཞབས་ཞུ་གཞན་ལ་འགན་གཙང་སྤྲད་པའི་ལག་བསྟར་དངུལ་འབོར་སྒོར་དུང་ཕྱུར་236.5ཟིན་ཡོད།