འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་14ཉིན།

༄༅༎མཚོ་སྔོན་ནང་ཆེན་གྱི་ཡར་རྒྱས་མཉམ་ལས་ཁང་དུ་ཁེ་སྤོགས་བགོ་བའི་ལས་ལ་བྲེལ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་14ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ནང་ཆེན་རྫོང་ཟུར་མང་ཤང་གི་ཡར་རྒྱས་མཉམ་ལས་ཁང་གིས་ཁོངས་མི་ཚོར་ཁེ་སྤོགས་སྒོར་ཁྲི་100ལྷག་ཙམ་ཐེངས་གཅིག་ལ་བགོ་འགྲེམས་བརྒྱབ་པས་ས་གནས་དེ་གར་སྐད་གྲགས་ཆོད་པ་རེད།
     ཟུར་མང་ཤང་ནི་ཡུལ་ཤུལ་བོད་རང་སྐྱོང་ཀྲོའུ་ནང་ཆེན་རྫོང་གི་ཤར་ཕྱོགས་སུ་གནས་ཤིང་། སྲོལ་རྒྱུན་གྱི་ས་མ་འབྲོག་གི་ཤང་གྲོང་ཞིག་རེད་ལ། ཡུལ་ཤུལ་གྱི་ས་ཡོམ་རྗེས་སུ་རྫོང་ཡོངས་ནས་གེགས་རྗེས་བསྐྱར་སྐྲུན་གྱི་ཁྱབ་ཁོངས་སུ་བཅུག་པའི་ཤང་དང་གྲོང་རྡལ་གཅིག་པུ་དེའང་རེད། ཁྲོམ་གཞུང་དང་སྡོད་ཁང་ཡག་པོ་བསྐྲུན་ཡོད་རུང་། ཕྱི་ཕྱོགས་ལ་སྐྱོད་པའི་འགྲིམ་འགྲུལ་སྟབས་བདེ་མེད་ཁར་ཐོན་ལས་ཀྱི་འདེགས་སྐྱོར་མི་འདང་བས། མིག་སྔར་ཤང་དུ་ད་དུང་དུད་ཚང་དབུལ་པོ་595ཡོད་སྟབས་དབུལ་སྒྲོལ་གྱི་གནོན་ཤུགས་ཆེན་པོ་འདུག་ཅེས་ས་གནས་ཀྱི་ལས་བྱེད་པས་བཤད།
     མཉམ་ལས་ཁང་གི་སྒོ་རའི་ནང་དུ་སྐྱོད་སྐབས། བུད་མེད་4ཡིས་པར་རིས་ལ་བལྟས་ནས་ཁ་གདན་འཐག་བཞིན་མཆིས། མཉམ་ལས་ཁང་གི་འགན་འཁུར་བ་བཀྲ་ཤིས་ཟླ་བས“མིག་སྔར་ཁོང་ཚོ་ལག་རྩལ་སྦྱོང་བཞིན་པའི་སྒང་རེད། མཉམ་ལས་ཁང་གིས་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཚན་བརྒྱུད། ནེ་པ་ལའི་ལག་རྩལ་མི་སྣ་3ལ་ཐོངས་མཆན་ཞུས་པས་ཟླ་རྗེས་མར་འདི་གར་ཁ་གདན་འཐག་སྟངས་སློབ་པར་ཡོང་གི་རེད”ཅེས་བཤད།
     མཉམ་ལས་ཁང་གི་དཀར་ཆུ་ལས་སྣོན་འཁོར་ཁང་དུ་དཀར་ཆུའི་ཐོན་རྫས་ལས་སྣོན་གྱི་དགེ་རྒན་བཀྲ་ཤིས་ལས་ལ་བྲེལ་བཞིན་མཆིས། འབྲོག་པ་ཚོས་འོ་མ་ཧུར་ཐག་སྐྱེལ་བ་དང་ཁོང་གིས་ཞིབ་དཔྱད་ཚད་ལེན་དང་རྒྱ་མ་བཀྱགས་རྗེས་རེ་རེ་བཞིན་ཐོ་རྒྱག་གི་ཡོད། འོ་མ་དེ་དག་ལས་སྣོན་དང་ཐུམ་སྒྲིལ་བརྒྱབ་པ་བརྒྱུད་ཁག་གཅིག་ཤང་གི་མཁོ་ཚོང་ས་ཚིགས་སུ་སྐྱེལ་བ་དང་ཁག་གཅིག་རྫོང་དང་ཀྲོའུ་རུ་འཚོང་གི་ཡོད། མཉམ་ལས་ཁང་གིས་ཆེད་མངགས་ཚོང་རྟགས་ཐོ་འགོད་བྱས་ཤིང་། ཁྱད་ཆོས་ལྡན་པའི་ཐུམ་སྒྲིལ་བརྒྱབ་ནས་ཞོ་དང་རྩམ་པའི་ཐོན་རྫས་བཟོ་གི་ཡོད།
     ལོ་འདི་དག་རིང་། མཉམ་ལས་ཁང་གིས་ཁ་གདན་འཐག་པ་དང་འོ་མ་འཚོང་བ་ཕུད། ད་དུང་བེད་མེད་ཀྱི་ས་ཞིང་སྤྱི་ཆིང་13གསར་སྦོལ་བྱས་ཏེ་ནས་དཀར་ནག་དང་རྩྭ་བཏབ་པས་དཔལ་འབྱོར་གྱི་ཕན་འབྲས་ཡག་པོ་བྱུང་བ་དང་། མཉམ་ལས་ཁང་གིས་ད་དུང་རྩྭ་ར་འགན་གཙང་བླངས་ནས་ནོར་160གསོ་པ་དང་། མཉམ་ལས་ཁང་གིས་ཟུར་མང་ཤང་དང་ཉག་ར་ཤང་དུ་ཚོང་ཁང་བཙུགས་པ་དང་འབྲེལ། རྫོང་གི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་དང་འབྲེལ་གཏུག་བྱས་ཏེ་རྫོང་ནས་ཀྲོའུ་བར་གྱི་སྐྱེལ་འདྲེན་ལམ་ཐིག་གཏོད་པའི་བརྩོན་ལེན་བྱས་པ་རེད། མཉམ་ལས་ཁང་གིས་ད་དུང་ཆེད་མངཌ་རིག་གནས་ཁྱབ་སྤེལ་ཀུང་སི་བཙུགས་ཏེ་རིགས་ཁག་གི་འཁྲབ་སྟོན་འགན་གཙང་བླངས་པ་རེད།
     དཔལ་འབྱོར་གྱི་ཕན་འབྲས་རགས་ཙམ་ཐོན་པ། 2016ལོར་ཡར་རྒྱས་མཉམ་ལས་ཁང་གིས་ཁེ་སྤོགས་སྒོར་ཁྲི་37.3བགོ་འགྲེམས་བརྒྱབ་པ་དང་། 2017ལོར་མཉམ་ལས་ཁང་གིས་ཁེ་སྤོགས་སྒོར་ཁྲི་49.5བགོ་འགྲེམས་བརྒྱབ་ཡོད། དངོས་དངོས་རྗེན་རྗེན་གྱི་ཁེ་སྤོགས་མང་པོ་རག་དུས་མཉམ་ལས་ཁང་དུ་ཞུགས་མཁན་ཇེ་མང་དུ་སོང་བ་མ་ཟད། ཉེ་འགྲམ་གྱི་ཉག་ར་ཤང་གི་ཞིང་དུད་མི་ཉུང་བ་ཞིག་ཀྱང་མཉམ་ལས་ཁང་དུ་ཞུགས་པ་རེད།
     2018ལོར་ཡར་རྒྱས་མཉམ་ལས་ཁང་ལ་ཡུལ་ཤུལ་སུའུ་མན་ལིའུ་ལི་གསོལ་མགྲོན་ཁང་གི་གཉེར་སྐྱོང་དབང་ཆ་རག་པ་རེད། རྫོང་དང་ཤང་གི་སྡེ་ཚན་མང་པོའི་རྒྱབ་སྐྱོར་འོག་ཟུར་མང་ཤང་གིས་དམེ་གཞུང་གྲོང་ཚོ་དང་གཟི་སྟོད་གྲོང་ཚོའི་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་ཀྱི་མ་དངུལ་སྒོར་ཁྲི་412མཉམ་ལས་ཁང་གི་མ་རྐང་ལ་བཞག་པ་དང་། མཉམ་ལས་ཁང་གི་མངགས་བཅོལ་པའི་ངོས་ནས་མ་དངུལ་གསོལ་མགྲོན་ཁང་གི་གཉེར་སྐྱོང་ལ་བཏང་བ་དང་། ལོ་ལྟར་རྐང་དངུལ་གྱི་8%ལྟར་ཁེ་སྤོགས་བགོ་འགྲེམས་རྒྱག་གི་ཡོད། ལོ་དེར་གྲོང་ཚོ་གཉིས་ཀྱི་མི་གྲངས་644ལ་ཁེ་སྤོགས་སྒོར་ཁྲི་32.9བགོ་འགྲེམས་བརྒྱབ་པ་རེད།
     ཟུར་མང་ཤང་གི་འབྲེལ་ཡོད་འགན་འཁུར་བས་ཡར་རྒྱས་མཉམ་ལས་ཁང་བཙུགས་ནས་ལོ་4ལྷག་ཙམ་སོང་རིང་། ས་གནས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་སྣེ་ཁྲིད་དེ་བསམ་བློར་བཅིངས་འགྲོལ་དང་འདུ་ཤེས་ལ་འགྱུར་ལྡོག་བཏང་བ་དང་ཆབས་ཅིག ནུས་ཤུགས་ཡོད་རྒུས་ཐོན་ལས་འཕེལ་རྒྱས་བཏང་ནས་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བ་དང་དངོས་དངོས་རྗེན་རྗེན་གྱི་ཁེ་སྤོགས་བགོ་འགྲེམས་བརྒྱབ་ནས་མི་སེམས་བཀུག་པ་དང་སྒུལ་ཤུགས་སྤེལ་ཏེ་ཟུར་མང་ཤང་གི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་རམ་འདེགས་ཏན་ཏིག་བྱས་ཡོད་ཅེས་བརྗོད།