འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་5ཉིན།

༄༅༎མཚོ་སྔོན་ཡུལ་ཤུལ་གྱིས་གཙོ་གནད་སྲུང་སྐྱོང་བྱ་ཡུལ་མིན་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་
ཁག་གཅིག་དཔྱད་དཔོག་བྱས་རྗེས་རྔོན་ཆོག་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་05ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་པའི་ཐོག《ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཐོན་ཁུངས་སྲུང་སྐྱོང་དོ་དམ་སྲོལ་ཡིག》ལ་བཟོ་བཅོས་བརྒྱབ་ནས་གྲོས་འཆམ་བྱུང་བ་རེད། སྲོལ་ཡིག་ནང་བཏོན་དོན། གཙོ་གནད་སྲུང་སྐྱོང་བྱ་ཡུལ་མིན་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་འགའ་ཞིག་གི་རྒྱུད་པ་འཕེལ་ཚད་མགྱོགས་པ་དང་། སྣོད་བཅུད་དོ་སྙོམས་ལ་ཤུགས་རྐྱེན་བཟོ་བ། མང་ཚོགས་ཀྱི་མི་ལུས་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འཇིགས་སྐུལ་དང་གནོད་འཚེ་བཟོ་བ་བཅས་ལ་དམིགས་ནས་ཁྱུ་ཚོགས་སྙོམས་སྒྲིག་བྱེད་དགོས་རིགས་ཚན་རིག་དང་མཐུན་པའི་དཔྱད་དཔོག་བྱས་པ་བརྒྱུད་གཏན་འབེབས་བཞིན་གོང་འབུལ་ཆོག་མཆན་ཐོབ་རྗེས་ལུགས་མཐུན་ངང་རྔོན་ཆོག་གི་ཡོད་པ་རེད།
     སྲོལ་ཡིག་ནང་། གཙོ་གནད་སྲུང་སྐྱོང་བྱ་ཡུལ་མིན་པའི་སྐམ་སའི་ཐོག་གི་བདག་ཏུ་མ་བཟུང་བའི་སྲོག་ཆགས་རྔོན་སྐབས། ཁྲིམས་བཞིན་ཀྲོའུ་མི་དམངས་སྲིད་གཞུང་ནགས་ལས་དང་རྩྭ་ཐང་གཙོ་གཉེར་སྡེ་ཚན་གྱིས་སྤྲད་པའི་རྔོན་པའི་ལག་ཁྱེར་ལེན་དགོས་པ་དང་། རྔོན་པས་ཀྱང་རྔོན་པའི་ལག་ཁྱེར་ནང་གཏན་འབེབས་བྱས་པའི་སྲོག་ཆགས་ཀྱི་རིགས་དང་། གྲངས་འབོར། ས་གནས། ཡོ་བྱད། ཐབས་ཤེས། དུས་བཀག་བཅས་གཞིར་བཟུང་རྔོན་རྒྱག་དགོས་པ་མ་ཟད། རྔོན་རྒྱག་སའི་ཡུལ་གྱི་རྫོང(གྲོང་ཁྱེར)མི་དམངས་སྲིད་གཞུང་གི་ནགས་ལས་དང་རྩྭ་ཐང་གཙོ་གཉེར་སྡེ་ཚན་གྱི་ལྟ་སྐུལ་དང་ཞིབ་བཤེར་དང་ལེན་བྱེད་དགོས་པ་ཁ་གསལ་བཏོན་ཡོད།
     གཞན་ཡང་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱིས་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་བཟོས་རིགས་ལ་རྫོང(གྲོང་ཁྱེར)མི་དམངས་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་གཏན་འབེབས་ལྟར་གུན་གསབ་སྤྲོད་རྒྱུ་རེད།
     སྲོལ་ཡིག་དེ་འདི་ལོའི་ཟླ་7ཚེས་1ཉིན་ནས་བཟུང་དངོས་སུ་ལག་ལེན་བསྟར་རྒྱུ་རེད།