འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་4ཉིན།

༄༅༎མཚོ་སྔོན་ཡུལ་ཤུལ་གྱིས་སྤྱི་པའི་ཆུ་ཁོངས་སུ་ཡུལ་གཞན་གྱི་སྲོག་ཆགས་ཚེ་ཐར་གཏོང་རིགས་
བཀག་སྡོམ་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་04ཉིན། 11:45】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་པའི་ཐོག《ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཐོན་ཁུངས་སྲུང་སྐྱོང་དོ་དམ་སྲོལ་ཡིག》བཟོ་བཅོས་བརྒྱབ་པ་དང་འབྲེལ་གྲོས་འཆམ་ཡང་བྱུང་བ་རེད། སྲོལ་ཡིག་ནང་སྤྱི་པའི་ཆུ་ཁོངས་སུ་ཡུལ་གཞན་གྱི་སྲོག་ཆགས་དང་། མི་ཐབས་ཀྱི་རྒྱུད་འདྲེས་སམ་ཡང་ན་གཞི་གྱིན་སྒྱུར་ཆ་ལྡན་པའི་ཆུ་སྐྱེས་སྲོག་ཆགས་རིགས་གློད་པ་དང་ཚེ་ཐར་གཏོང་བའི་བྱ་སྤྱོད་སྤེལ་མི་ཆོག་ཅེས་གཏན་འབེབས་ཁ་གསལ་བྱས་ཡོད་པ་རེད།
     གཙང་གསུམ་ཆུ་འགོའི་ཁུལ་དུ་ཡོད་པའི་ཡུལ་ཤུལ་གྱིས་སྣོད་བཅུད་ཀྱི་གནས་བབ་གལ་ཆེན་བཟུང་ཡོད། ཉེ་བའི་ལོ་ཤས་རིང་མང་ཚོགས་ཁག་གཅིག་གིས་ཡུལ་ཤུལ་ས་ཁུལ་གྱི་གཙང་པོ་དང་མཚོ་མཚེའུ་ཡི་ནང་སྲོག་ཆགས་གློད་པ་དང་ཚེ་ཐར་གཏོང་བའི་བྱ་སྤྱོད་ཡང་ཡང་ཐོན་པས་གཙང་གསུམ་ཆུ་འགོའི་ཆུ་སྤུས་དང་། ས་མཐོའི་ཡུལ་དེ་རང་གི་ཉ་ཁྱུ། དེ་བཞིན་སྣོད་བཅུད་མ་ལག་ཧྲིལ་པོ་བཅས་ལ་ཤུགས་རྐྱེན་ཆེན་པོ་ཕོག་ཡོད།
     དེས་ན་སྲོལ་ཡིག་ནང་ཡུལ་ཤུལ་ཁོངས་ཀྱི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཆུ་གཞུང་དང་། ཆུ་ཕྲན། དེ་བཞིན་མཚོ་མཚེའུ་དང་ཆུ་མཛོད་སོགས་སྤྱི་པའི་ཆུ་ཁོངས་སུ་ཡུལ་གཞན་གྱི་སྲོག་ཆགས་དང་། མི་ཐབས་ཀྱི་རྒྱུད་འདྲེས་སམ་ཡང་ན་གཞི་གྱིན་སྒྱུར་ཆ་ལྡན་པའི་ཆུ་སྐྱེས་སྲོག་ཆགས་རིགས་གློད་པ་དང་ཚེ་ཐར་གཏོང་བའི་རིགས་ལ་རྫོང(གྲོང་ཁྱེར)མི་དམངས་སྲིད་གཞུང་གི་ཉ་ལས་གཙོ་གཉེར་དོ་དམ་སྡེ་ཚན་གྱིས་ཁྲིམས་འགལ་བྱ་སྤྱོད་སྤེལ་མཚམས་འཇོག་དགོས་པའི་བཀའ་རྒྱ་གཏོང་བ་དང་འབྲེལ་སྒོར་ལྔ་བརྒྱ་ཡན་དང་སྒོར་ཆིག་སྟོང་མན་གྱི་དངུལ་ཆད་གཅོད་རྒྱུ། གནས་ཚུལ་ཚབས་ཆེ་བའི་རིགས་ལ་སྒོར་ཆིག་སྟོང་ཡན་དང་སྒོར་ཁྲི་གཅིག་མན་གྱི་དངུལ་ཆད་གཅོད་པའི་གཏན་འབེབས་བྱས་ཡོད་པ་རེད། སྲོལ་ཡིག་འདི་ལོའི་ཟླ་7ཚེས་1ཉིན་ནས་དངོས་སུ་ལག་ལེན་བསྟར་རྒྱུ་རེད།