འཚོལ་བཤེར།   
藏文频道
2019ལོའི་ཟླ་5ཚེས་27ཉིན།

༄༅།།སྲིད་གཞུང་གི་ལས་དོན་སྙན་ཞུ།

——2019ལོའི་ཟླ་3ཚེས་5ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་ཐོག རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི།  ལི་ཁེ་ཆང་།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 05ཚེས་24ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     གཉིས།   2019ལོའི་དཔལ་འབྱོར་དང་སྤྱི་ཚོགས་སྤྱི་ཡོངས་ཀྱི་བླང་བྱ་དང་སྲིད་ཇུས་འཕེལ་ཕྱོགས།
     ད་ལོ་ནི་ཀྲུང་གོ་གསར་པ་དབུ་བཪྙེས་ནས་ལོ་ངོ་70འཁོར་ལོ་ཡིན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་འགྲུབ་པར་བྱེད་པ་བཅས་ཀྱི་འགག་རྩའི་ལོ་རེད། སྲིད་གཞུང་གི་ལས་དོན་ཡག་པོ་བསྒྲུབ་པར། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཞུམ་མེད་དབུ་ཁྲིད་འོག་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པའི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་མཐར་ཕྱིན། “ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་དང་། “ཕྱོགས་ཡོངས་བཞི་”ཡི་འཐབ་ཇུས་བཀོད་པ་མཐུན་སྦྱོར་ངང་སྐུལ་འདེད། བརྟན་པོའི་ངང་ནས་ཡར་རྒྱས་ཡོང་བར་བྱེད་པའི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས། སྤུས་ཀ་བཟང་བའི་འཕེལ་རྒྱས་ལ་སྐུལ་སྤེལ་མཐའ་འཁྱོངས། འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་སྒྱུར་བཅོས་གཙོ་གནད་དུ་འཛིན་པ་མཐའ་འཁྱོངས། ཚོང་ར་ཅན་དུ་སྒྱུར་བཅོས་ཟབ་སྤེལ་དང་། ཆུ་ཚད་མཐོ་བའི་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བ་མཐའ་འཁྱོངས། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་མགྱོགས་སུ་གཏོང་བ། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་གྱི་འཐབ་འཛིང་མུ་མཐུད་ཡག་པོར་བྱེད་པ། ཕྲ་མཐོང་གི་བྱེད་པོའི་གསོན་ཤུགས་སྐྱེད་གང་ཐུབ། སྤྱི་ཁོག་སྙོམ་སྒྲིག་གསར་གཏོད་འཐུས་སྒོ་ཚང་དུ་གཏོང་བ། འཕེལ་རྒྱས་བརྟན་པོ་དང་། སྒྱུར་བཅོས་ལ་སྐུལ་སྤེལ། གྲུབ་ཚུལ་ལེགས་སྒྲིག དམངས་འཚོར་ཕན་པ། ཉམས་ཉེན་འགོག་པ། བརྟན་བརླིང་རྒྱུན་འཁྱོངས་བཅས་ཀྱི་ལས་དོན་གཅིག་གྱུར་འཆར་འགོད་ཀྱིས་སྤེལ་བ། དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་བར་སྟོང་དུ་རྒྱུན་མཐུད་བྱེད་པ། ལས་ཞུགས་དང་། དངུལ་རྩ། ཕྱི་ཕྱོགས་ཉོ་ཚོང་། ཕྱི་རྒྱལ་གྱི་མ་དངུལ། སྔོན་དཔག་བཅས་ཇེ་བརྟན་ཡོང་བ། ཚོང་རའི་བློ་གདེང་ཆེ་རུ་གཏོང་བ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་གཏོང་བ། དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཁྱོན་ཡོངས་བརྟན་བརླིང་རྒྱུན་འཁྱོངས་བཅས་ཡོང་བར་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལེགས་འགྲུབ་ཕུ་ཐག་ཆོད་པའི་རྨང་གཞི་བཏིང་ནས། གྲུབ་འབྲས་ཕུལ་བྱུང་བླངས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བཪྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་རྒྱུ་ཡིན།
      རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་ཕྱོགས་བསྡུས་ཀྱིས་དབྱེ་ཞིབ་བྱས་ན། ད་ལོ་རང་རྒྱལ་གྱི་འཕེལ་རྒྱས་ལ་ཁོར་ཡུག་སྔར་ལས་ཛ་དྲག་པོ་འཕྲད་རྒྱུ་དང་། སྔོན་དཔག་ཐུབ་པ་དང་སྔོན་དཔག་དཀའ་བའི་ཉམས་ཉེན་གྱི་འགྲན་སློང་སྔར་ལས་མང་ཞིང་ཆེ་བས། དཀའ་སྤྱད་སྡུག་རུས་ཀྱི་གྲ་སྒྲིག་ཨང་གསར་ཐུབ་པ་དགོས། དཀའ་ངལ་ལ་ཚོད་དཔག་དམའ་དྲགས་མི་རུང་བ་དང་། ཆོད་སེམས་ལ་འགྱུར་བ་མི་གཏོང་ཞིང་། ངར་ཤུགས་ལྷོད་དུ་གཏོང་མི་རུང་། རང་རྒྱལ་གྱི་འཕེལ་རྒྱས་སྔར་བཞིན་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་དུ་གནས་པས། ངང་རྒྱུད་རིང་ངེས་དང་། གཏིང་ཤུགས་ཆེན་པོ་ལྡན་པ་དང་གསར་གཏོད་ཀྱི་གསོན་ཤུགས་ཆད་མེད་རྒྱས་ཤིང་། མི་དམངས་མང་ཚོགས་ཀྱིས་འཚོ་བ་བཟང་པོའི་རེ་སྨོན་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད། ང་ཚོར་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བའི་འགྱུར་མེད་ཀྱི་བློ་སྟོབས་དང་ནུས་པ་ལྡན་པས། དཔལ་འབྱོར་རྒྱུན་རིང་འཕེལ་ཚུལ་བཟང་པོར་འགྱུར་བ་བྱུང་མེད་ལ་ཡོང་ཡང་མི་སྲིད།
     ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་སྔོན་དཔག་གི་དམིགས་འབེན་གཙོ་བོ་ནི། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་6%ནས་6.5%བར་འཕར་བར་བྱེད་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་པ་མི་གྲངས་ཁྲི་1100ཡན་འཕར་བར་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་དུ་བརྟག་དཔྱད་བྱས་པའི་ལས་ཀ་ཤོར་ཚད་5.5%ཡས་མས་ཟིན་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་བཀོད་ལས་ཤོར་པ་4.5%ནང་ཚུན་ལས་མི་བརྒལ་བ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་3%ཡས་མས་སུ་ཚོད་འཛིན། རྒྱལ་སྤྱིའི་གཏོང་ཡོང་རྩ་བའི་ཆ་ནས་དོ་མཉམ། ཕྱིར་གཏོང་ནང་འདྲེན་བརྟན་ཞིང་སྤུས་ཀ་ལེགས་སུ་གཏོང་བ།      སྤྱི་ཁོག་གི་བཀན་ཤིང་ནུས་ཚད་གཞི་རྩའི་ཆ་ནས་བརྟན་པོ། དངུལ་རྩའི་ནོར་སྲིད་ཀྱི་ཉམས་ཉེན་ཚོད་འཛིན་ནུས་ལྡན། གྲོང་གསེབ་ཀྱི་དབུལ་ཕོངས་མི་གྲངས་ཁྲི་1000ཡན་ཉུང་དུ་འགྲོ་བ། གྲོང་མིའི་ཡོང་འབབ་འཕར་ཚད་དང་དཔལ་འབྱོར་འཕར་ཚད་རྩ་བའི་ཆ་ནས་གཅིག་མཚུངས། སྐྱེ་ཁམས་ཁོར་ཡུག་སྔར་བས་ལེགས་བཅོས། རྩིས་གཞི་རེའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་གི་ནུས་ཁུངས་ཟད་གྲོན་3%ཡས་མས་སུ་ཆག་པ། སྦགས་བཙོག་དངོས་རིགས་གཙོ་བོ་འབུད་ཚད་མུ་མཐུད་ཆག་པ་བཅས་བྱེད་རྒྱུ་རེད། གོང་གསལ་སྔོན་དཔག་དམིགས་འབེན་གཙོ་བོའི་ཐོག་ནས། སྤུས་ཀ་ལེགས་པོ་དགོས་པའི་འཕེལ་རྒྱས་ཀྱི་བླང་བྱ་མཚོན་ཞིང་། རང་རྒྱལ་གྱི་འཕེལ་རྒྱས་དངོས་དང་འཚམ་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་དམིགས་འབེན་དང་འབྲེལ་མཐུད་བྱས་པས། དགེ་མཚན་ལྡན་ཞིང་འོས་ཤིང་འཚམ་པ་རེད། དམིགས་འབེན་འདི་དག་མངོན་འགྱུར་བྱེད་པར། དཀའ་སྤྱད་འབད་བརྩོན་བྱེད་དགོས།
     སྤྱི་ཁོག་སྲིད་ཇུས་ཀྱི་འཕེལ་ཕྱོགས་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། དགེ་མཚན་ལྡན་པའི་ནོར་སྲིད་ཀྱི་སྲིད་ཇུས་དང་དངུལ་ལོར་གྱི་སྲིད་ཇུས་བརྟན་པོ་མུ་མཐུད་དོན་འཁྱོལ་དང་། ལས་ཞུགས་གཟིགས་སྐྱོང་གི་སྲིད་ཇུས་དོན་འཁྱོལ། སྲིད་ཇུས་ཀྱི་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་བར་སྟོང་དུ་འགན་ལེན་དང་། དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་བྱེད་རྒྱུ་ཡིན།
     དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ཀྱི་ནུས་པ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ། ད་ལོའི་ཆད་གྲངས་མཚལ་ཡིག་2.8%བཀོད་སྒྲིག་བྱེད་རྩིས་ཡོད་པ་འདི་ན་ནིང་གི་སྔོན་རྩིས་ལས་བརྒྱ་ཆའི་གཞི་གྲངས་0.2ཀྱིས་མང་ཞིང་། ནོར་སྲིད་ཀྱི་ཆད་གྲངས་མཚལ་ཡིག་སྒོར་དུང་ཕྱུར་ཁྲི་2.76ཡིན་པ་དེའི་ནང་ཀྲུང་དབྱང་གི་ནོར་སྲིད་ཆད་གྲངས་མཚལ་ཡིག་སྒོར་དུང་ཕྱུར་ཁྲི་1.83ཡིན་པ་དང་། ས་གནས་ཀྱི་ནོར་སྲིད་ཆད་གྲངས་མཚལ་ཡིག་སྒོར་དུང་ཕྱུར་9300རེད། ཆད་གྲངས་མཚལ་ཡིག་འོས་འཚམ་མཐོ་རུ་གཏོང་དོན་ནི་ནོར་སྲིད་ཀྱི་གཏོང་ཡོང་དང་། ཆེད་དོན་བུན་འཛིན་འགྲེམས་པ་སོགས་པའི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་ཀྱིས་བསམ་གཞིག་བྱས་པ་དང་། འབྱུང་འགྱུར་ཉམས་ཉེན་ཆེན་པོ་ཡོང་ངེས་ལ་སྲིད་ཇུས་ཀྱི་བར་སྟོང་འཇོག་པར་ཡང་བསམ་གཞིག་བྱས་ཡོད། ད་ལོའི་ནོར་སྲིད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་ཁྲི་23ལས་བརྒལ་བས། 6.5%འཕར་ཡོད། ཀྲུང་དབྱང་གིས་ས་གནས་དོ་མཉམ་ལྡན་པར་བྱེད་པའི་གཏོང་སྤྲོད་སྤོ་སྒྱུར་བྱེད་ཚད་10.9%སྤར་ཡོད། རྫོང་རིམ་པའི་མ་མཐའི་ནོར་ཤུགས་འགན་སྲུང་ལམ་སྲོལ་སྒྱུར་བཅོས་བྱས་ཏེ་འཐུས་སྒོ་ཚང་དུ་གཏོང་བ་དང་། དཀའ་ངལ་ཡོད་ཁུལ་གྱི་ནོར་སྲིད་གནོན་ཤུགས་ཞི་ལྷོད་དུ་བཏང་ནས། མ་མཐའི་དམངས་འཚོར་གནད་དོན་གཏན་ནས་མི་ལྷགས་པའི་འགན་སྲུང་བྱེད་རྒྱུ།
     དངུལ་ལོར་གྱི་སྲིད་ཇུས་བརྟན་པོ་དམ་ལྷོད་རན་པོ་ཡོང་བར་བྱེད་རྒྱུ། ཁྱབ་ཆེའི་དངུལ་ལོར་M2དང་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་རུབ་བྱེད་འབོར་འཕར་བའི་མྱུར་ཚད་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་མིང་ཁྱེར་འཕར་ཚད་དང་ཆ་མཚུངས་པར་བྱས་ནས། དཔལ་འབྱོར་གྱི་འཁོར་སྐྱོད་ལུགས་མཐུན་བར་སྟོང་དུ་རྒྱུན་མཐུད་བྱེད་པའི་དགོས་མཁོ་སྔར་ལས་ལེགས་པར་བསྐང་རྒྱུ། དངོས་སུ་ལག་ལེན་བསྟར་སྐབས། དངུལ་ལོར་མཁོ་འདོན་གྱི་འགག་སྒོ་ཆེན་མོ་ལེགས་པོར་བསྲུངས་ནས། “ཞིང་ཆུ་འབྱིང་གཏོང་”ལྟ་བུ་བྱེད་མི་རུང་ལ། དངུལ་ལོར་སྲིད་ཇུས་ཀྱི་བྱེད་ཐབས་སྣ་ཚོགས་སྟབས་བསྟུན་གྱིས་སྤྱད་ནས། དངུལ་ལོར་སྲིད་ཇུས་ཀྱི་བརྒྱུད་འདྲེན་བྱེད་ལམ་གཤངས་ཏེ། འཁོར་སྐྱོད་ཀྱི་ངང་ཚུལ་ཚུལ་མཐུན་འདང་ངེས་རྒྱུན་མཐུད་ཀྱང་བྱས་ཐོག  དངོས་གཉེར་དཔལ་འབྱོར་སྤྱི་དང་ལྷག་པར་དུ་དམངས་གཉེར་དང་ཁེ་ལས་ཆུང་ཕྲན་གྱི་མ་དངུལ་བསྡུ་རུབ་དཀའ་ཞིང་བསྡུ་རུབ་ཀྱི་གནས་ཐང་ཆེ་ཚུལ་ཕན་འབྲས་ཐོན་པར་ཞི་ལྷོད་དུ་བཏང་ནས། ཁེ་ལས་ཀྱི་དངུལ་རྩའི་ཉམས་ཉེན་འགོག་སེལ་བྱེད་རྒྱུ། སྐྱེད་ཚད་ཚོང་ར་ཅན་དུ་སྒྱུར་བཅོས་ཟབ་ཏུ་སྤེལ་ཏེ། སྐྱེད་ཚད་དངོས་ཀྱི་ཚད་གཞི་གཅོག་རྒྱུ། འཛའ་ཐང་རྩིས་སྲོལ་ཆགས་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་རྩ་བའི་ཆ་ནས་ཚུལ་མཐུན་དོ་མཉམ་གྱི་ཚད་དུ་བརྟན་པོར་རྒྱུན་འཁྱོངས་བྱེད་རྒྱུ།
     ལས་ཞུགས་སྔོན་ལ་བྱེད་པའི་སྲིད་ཇུས་ལ་ཕྱོགས་ཡོངས་ནས་ཤུགས་རྒྱག་རྒྱུ། ལས་ཞུགས་ནི་དམངས་འཚོའི་རྩ་བ་དང་། རྒྱུ་ནོར་གྱི་འབྱུང་ཁུངས་རེད། ད་ལོ་ལས་ཞུགས་སྔོན་གྱི་སྲིད་ཇུས་དེ་ཐོག་མར་སྤྱི་ཁོག་སྲིད་ཇུས་ཀྱི་རིམ་པར་འཇོག་དོན་ནི་ལས་ཞུགས་ལ་ཕྱོགས་གང་ཅིས་མཐོང་ཆེན་དང་། ལས་ཞུགས་ལ་རོགས་སྐྱོར་བྱེད་པའི་ཁྲིད་ཕྱོགས་ཇེ་ཆེར་གཏོང་ཕྱིར་ཡིན། དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་། རང་རྒྱལ་གྱི་ལས་ཞུགས་བསྡོམས་འབོར་གྱི་གནོན་ཤུགས་ཆུང་དུ་མི་འགྲོ་ལ་གྲུབ་ཚུལ་རང་བཞིན་གྱི་འགལ་བ་འབུར་དུ་ཐོན་པ་དང་། ཤུགས་རྐྱེན་གསར་པའི་རྒྱུ་རྐྱེན་ད་དུང་མང་དུ་འགྲོ་བཞིན་ཡོད་པས། ངེས་པར་དུ་ལས་ཞུགས་སྔར་ལས་འབུར་ཐོན་གྱི་གོ་གནས་སུ་འཇོག་རྒྱུ། བརྟན་པོའི་ངང་འཕར་སྣོན་ཡོང་བར་བྱེད་ན་ཐོག་མར་ལས་ཞུགས་འགན་ལེན་བྱེད་དགོས། ད་ལོ་གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་དུ་འཕར་སྣོན་བྱུང་བའི་ལས་ཞུགས་ཀྱི་སྔོན་དཔག་དམིགས་འབེན་གྱི་རྨང་གཞིའི་ཐོག  ཉེ་བའི་ལོ་འགའི་ལས་ཞུགས་གྲངས་འབོར་དངོས་ཀྱི་ཚད་དུ་སླེབས་པའི་འབད་བརྩོན་བྱེད་དོན་ནི་གྲོང་ཁྱེར་དང་གྲོང་རྡལ་གྱི་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་འགན་སྲུང་བྱེད་པ་ཡིན་ལ། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ལྷག་མ་སྤོ་སྒྱུར་གྱིས་ལས་ཞུགས་བྱེད་པར་བར་སྟོང་འཇོག་པའི་ཆེད་དུའང་ཡིན་པས། ལས་ཞུགས་བརྟན་པོ་དང་། ཡོང་འབབ་འཕར་ན། ང་ཚོར་བློ་གདེང་དེ་བས་ཆེ་བ་ཡོང་ཐུབ།
     འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་སྒྱུར་བཅོས་གཙོ་གནད་དུ་འཛིན་པ་མུ་མཐུད་མཐའ་འཁྱོངས་བྱས་ཏེ། “སྲ་བརྟན་དང་། ཇེ་ཆེ། རིམ་སྤོར། ཤར་བགྲོད་”བཅས་ཡིག་འབྲུ་བརྒྱད་ཀྱི་ཐད་ཤུགས་རྒྱག་རྒྱུ། སྒྱུར་བཅོས་བྱེད་ཐབས་སྔར་ལས་མང་པོ་སྤྱོད་པ་དང་། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་ཐབས་ཤེས་སྔར་ལས་མང་པོ་སྤྱད་དེ། “གསུམ་དོར་གཅིག་གཅོག་གཅིག་གསབ་”ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཕྲ་མཐོང་བྱེད་པོའི་གསོན་ཤུགས་ཆེ་རུ་གཏོང་ཞིང་ཐོན་ལས་ཕྲེང་བའི་ཆུ་ཚད་མཐོ་རུ་གཏོང་བ། རྒྱལ་དམངས་དཔལ་འབྱོར་འཁོར་སྐྱོད་ཤར་བགྲོད་བཅས་བྱས་ཐོག དཔལ་འབྱོར་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་ཡོང་བར་བྱེད་རྒྱུ། 
     འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་མུ་མཐུད་ལེགས་པོར་བརྒྱབ་སྟེ། ཤུགས་འདོན་གནད་འཁེལ་དང་དངོས་ཕན་དོན་གཉེར་བྱེད་རྒྱུ། ཉེན་ཁ་ཆེན་པོ་འགོག་ཟོན་དང་སེལ་ཐབས་བྱེད་པའི་གཞི་ཐིག་གི་བསམ་གཞིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲུབ་ཚུལ་རང་བཞིན་གྱི་བཀན་ཤིང་མེད་པར་བཟོ་བ་མཐའ་འཁྱོངས། དངུལ་རྩའི་ཚོང་ར་རྒྱུན་ལྡན་མིན་པའི་གཡོ་འགུལ་འགོག་ཟོན། ས་གནས་སྲིད་གཞུང་གི་བུ་ལོན་ཉེན་ཁ་ཐག་གཅོད་འཚམ་པོ། ནང་འཛུལ་རང་བཞིན་གྱི་ཉམས་ཉེན་འགོག་ཟོན་བཅས་བྱེད་རྒྱུ། དབུལ་བྲལ་གནད་འཁེལ་བྱེད་ན་ད་སྤྱོད་ཀྱི་ཚད་གཞི་རྒྱུན་འཁྱོངས་བྱེད་ཅིང་། ཤིན་ཏུ་དབུལ་ཁུལ་དང་དམིགས་བསལ་དབུལ་ཕོངས་ཚོགས་པར་རྩེ་གཅིག་ཏུ་དམིགས་ཏེ། དབུལ་སྒྲོལ་བྱེད་ཤུགས་ཇེ་ཆེ་དང་དབུལ་བྲལ་སྤུས་ཀ་ཇེ་ལེགས་སུ་གཏོང་རྒྱུ། སྦགས་བཙོག་བཅོས་སྐྱོང་བྱེད་སྐབས་གནམ་སྔོན་སྲུང་སྐྱོང་དམག་འཐབ་ལ་རྒྱལ་ཁ་ལེན་པ་སོགས་ཀྱི་ལས་འགན་ལྟེ་བར་དམིགས་ནས། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག  རྩ་ལག་མཉམ་བཅོས་བཅས་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མུ་མཐུད་ལེགས་བཅོས་བྱེད་རྒྱུ།
     ད་ལོའི་སྲིད་གཞུང་གི་ལས་དོན་ལེགས་པོར་བསྒྲུབ་པར། གཤམ་གྱི་འབྲེལ་བ་འགའ་གལ་ཆེར་བཟུང་ནས་ཁོང་དུ་ཆུད་དགོས་ཏེ། གཅིག་ནས་རྒྱལ་ནང་དང་རྒྱལ་སྤྱིའི་འབྲེལ་བ་གཅིག་གྱུར་འཆར་འགོད་ལེགས་པོར་བྱས་ནས། སེམས་ནུས་གཅིག་སྒྲིལ་གྱིས་རང་གི་ལས་དོན་ལེགས་པོར་བསྒྲུབ་རྒྱུ། རང་རྒྱལ་སྔར་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་པ་མ་ཟད་ད་དུང་དུས་ཡུན་རིང་པོ་ཞིག་མུ་མཐུད་གནས་རྒྱུ་དང་། སྔར་བཞིན་འཛམ་གླིང་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་རེད། འཕེལ་རྒྱས་ནི་རང་རྒྱལ་གྱི་གནད་དོན་ཐམས་ཅད་ཐག་གཅོད་པའི་རྨང་གཞི་དང་འགག་རྩ་ཡིན་པས། དཔལ་འབྱོར་འཛུགས་སྐྲུན་གྱི་ལྟེ་བ་འདིར་ངེས་པར་རྩེ་གཅིག་ཏུ་དམིགས་ནས། འཕེལ་རྒྱས་ནི་གནས་ལུགས་ཁུངས་བཙན་དང་འཕེལ་རྒྱས་ནི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཡིན་དགོས་པའི་འཐབ་ཇུས་བསམ་བློ་བློ་བརྟན་འགྱུར་མེད་ཀྱིས་མཐའ་འཁྱོངས་བྱས་ཏེ། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་མུ་མཐུད་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་རྒྱུ། རྒྱལ་སྤྱིའི་གནས་བབ་ཪྙོག་འཛིང་ཆེ་ཞིང་འཕོ་འགྱུར་ཆེ་བའི་རྒྱབ་ལྗོངས་འོག  ང་ཚོས་འཐབ་ཇུས་ཀྱི་ཚུགས་ཤུགས་རྒྱུན་འཁྱོངས་བྱས་ནས། གཏན་འཁེལ་བྱུང་བའི་དམིགས་ཚད་དང་བཀོད་པ་ལྟར་ལས་དོན་ལ་སྐུལ་འདེད་གཏོང་ཞིང་། རྒྱལ་སྤྱི་རྒྱལ་ནང་གི་ཚོང་ར་གཉིས་དང་ཐོན་ཁུངས་གཉིས་བེད་སྤྱོད་སྔར་ལས་ལེགས་པོར་བྱེད་པ་དང་། འགྲན་སློང་ལ་ཁ་གཏད་འཇལ་ཕོད་པ་དང་། ཉེན་ཁ་གོ་སྐབས་སུ་སྒྱུར་མཁས་པོར་བྱས་ཏེ། འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་ཁོང་དུ་བརྟན་པོ་ཆུད་པར་བྱེད་རྒྱུ། གཉིས་ནས་བརྟན་པོའི་ངང་འཕར་བ་དང་ཉེན་ཁ་འགོག་ཟོན་གྱི་འབྲེལ་བ་དོ་མཉམ་ཡག་པོར་བྱས་ནས། དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བའི་འགན་ལེན་བྱེད་རྒྱུ། དུས་ཡུན་རིང་པོར་བསགས་པའི་ཉམས་ཉེན་འབྱུང་གཞི་མང་པོ་ངེས་པར་སེལ་ཐབས་བྱེད་དགོས་ཀྱང་། ཆོས་ཉིད་གཞིར་འཛིན་དགོས་པ་དང་། བྱེད་སྟངས་དང་བྱེད་ལུགས་ལ་དང་དོད་བྱེད་དགོས། བརྟན་པོ་ཡོང་བ་དང་། ཚོད་འཛིན་ཐུབ་པ། གོ་རིམ་ལྡན་པ། འོས་ཤིང་འཚམ་པ་བཅས་ཀྱི་བླང་བྱ་ལྟར། འཕེལ་རྒྱས་ཁྲོད་རིམ་བཞིན་སེལ་ཐབས་བྱས་ནས། མ་ལག་རང་བཞིན་དང་ཁྱབ་ཁོངས་རང་བཞིན་གྱི་ཉེན་ཁ་ལས་མཐའ་གཅིག་ཏུ་གཡོལ་ཐབས་བྱེད་རྒྱུ། དེང་སྐབས་དཔལ་འབྱོར་འཕར་ཚད་ཆག་པའི་གནོན་ཤུགས་ཆེ་རུ་འགྲོ་བཞིན་པའི་གནས་ཚུལ་འོག  སྲིད་ཇུས་དང་ལས་ཀའི་བྱེད་ཐབས་བཏོན་རིགས་སྔོན་དཔག་བརྟན་པོ་དང་། འཕར་སྣོན་བརྟན་པོ། གྲུབ་ཚུལ་ལེགས་སྒྲིག་བཅས་ལ་ཕན་པར་བྱེད་རྒྱུ། ཉམས་ཉེན་སྔོན་འགོག་ཚོད་འཛིན་བྱེད་ན་འགྲོས་ཚད་དང་ཤུགས་ཚད་འཚམ་པོ་ཡོང་བར་བྱས་ནས། ནུས་སྣང་རིམ་རྩེག་ཐོག་ཇེ་ཆུང་དུ་འགྲོ་ཚུལ་ཆེ་ཐལ་བཀག་འགོག་ཏན་ཏིག་བྱས་ནས། དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་བར་སྟོང་ལས་བརྒལ་དུ་གཏན་ནས་འཇུག་མི་རུང་། དུས་མཚུངས་སུ། མིག་མདུན་ཁོ་ནར་བསྟུན་ནས་དུས་ཡུན་པོའི་འཕེལ་རྒྱས་ལ་གནོད་པའི་ཡུན་ཐུང་གི་ཟུག་གཟེར་ཆེན་པོ་སློང་བའི་སྲིད་ཇུས་སྤྱད་དེ་ཉམས་ཉེན་འབྱུང་གཞི་གསར་པའང་ཐོན་དུ་འཇུག་མི་རུང་། གསུམ་ནས་སྲིད་གཞུང་དང་ཚོང་རའི་བར་གྱི་འབྲེལ་བ་ཐག་གཅོད་ལེགས་པོར་བྱས་ཏེ། སྒྱུར་བཅོས་སྒོ་འབྱེད་ལ་བརྟེན་ནས་ཚོང་རའི་བྱེད་པོའི་གསོན་ཤུགས་སྐུལ་སློང་བྱེད་རྒྱུ། ཚོང་རའི་བྱེད་པོར་གསོན་ཤུགས་ལྡན་ན། གཏིང་གི་འཕེལ་ཤུགས་ཆེ་རུ་འགྲོ་ཐུབ་པས། དཔལ་འབྱོར་ཆག་པའི་གནོན་ཤུགས་ཐེག་ཐུབ། སྒྱུར་བཅོས་སྒོ་འབྱེད་ལ་སྐུལ་སྤེལ་ཤུགས་ཆེན་གཏོང་ཞིང་། སྒོ་འབྱེད་གཅིག་གྱུར་དང་། འགྲན་རྩོད་གོ་རིམ་ལྡན་པའི་དེང་རབས་ཀྱི་ཚོང་རའི་མ་ལག་གང་མྱུར་འཛུགས་པ། ཚོང་རར་བཅུག་འཐུས་ལྷུག་ཏུ་གཏོང་བ། ལྟ་སྐུལ་དྲང་གཞག་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་སྐྱོང་ཅན་དང་། རྒྱལ་སྤྱི་ཅན། སྟབས་བདེ་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་ནས། ཚོང་རའི་བྱེད་པོ་སྣ་ཚོགས་སྔར་ལས་འཁྲུག་པོ་ཡོང་བར་བྱེད་རྒྱུ། མཐར་གཏུགས་ནས་བཤད་ན། ཚོང་རའི་གསོན་ཤུགས་དང་སྤྱི་ཚོགས་གསར་སྐྲུན་གྱི་ནུས་པ་ནི་མི་དམངས་དུང་ཕྱུར་འགའི་ཧུར་སེམས་འདོན་སྤེལ་བྱེད་རྒྱུར་ཐུག་ཡོད། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། གང་ཐུབ་ཅི་ཐུབ་དང་འཁོས་ཀར་དཔག་ནས་ལས་ཏེ། མ་མཐའི་དམངས་འཚོ་འགན་སྲུང་གང་ཐུབ་དང་། དམངས་འཚོའི་གནད་དོན་གཙོ་བོ་ཐག་གཅོད་པར་སྐུལ་འདེད། སྤྱི་ཚོགས་དྲང་གཞག་དྲང་བདེན་ཡོང་བ་བཅས་བྱས་ཏེ། མི་དམངས་ཀྱི་འཚོ་བ་ཡག་པོ་ཡོང་བར་བྱེད་རྒྱུ། ཀྲུང་གོའི་མི་དམངས་ནི་ལས་ལ་བརྩོན་ཞིང་བློ་རིག་བཀྲ་བ་དང་། གསར་གཏོད་དང་གསར་སྐྲུན་བྱེད་ནུས་ཚད་མེད་ལྡན་པས། དེ་དག་འདོན་སྤེལ་གང་ཐུབ་བྱས་ཕྱིན། ཀྲུང་གོའི་འཕེལ་རྒྱས་ལ་བར་སྟོང་སྔར་ལས་ཆེན་པོ་ཡོང་ངེས་རེད།
【1】  【2】  【3】  【4】  【5】  【6】  【7】  【8】