འཚོལ་བཤེར།   
藏文频道
2019ལོའི་ཟླ་5ཚེས་21ཉིན།

༄༅།།རང་རྒྱལ་གྱི་ཞིང་པ་ལས་མིའི་ཟླ་རེའི་ཆ་སྙོམས་ཡོང་འབབ་བརྟན་པོའི་ངང་འཕར་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 05ཚེས་21ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཕྱི་ཕྱོགས་ལ་ཡོངས་བསྒྲགས་བྱས་པའི《2018ལོའི་ཞིང་པ་ལས་མིའི་ལྟ་ཞིབ་ཚད་ལེན་གྱི་བརྟག་དཔྱད་སྙན་ཞུ》ལས་མངོན་པར། 2018ལོར་རང་རྒྱལ་གྱི་ཞིང་པ་ལས་མིའི་བསྡོམས་འབོར་དུང་ཕྱུར་2.8836ཟིན་པ་དང་ཞིང་པ་ལས་མིའི་ཟླ་རེའི་ཆ་སྙོམས་ཡོང་འབབ་སྒོར་3721ཟིན་པ་དེ་ལོ་གོང་མ་ལས་6.8%འཕར་བ་དང་འཕར་ཚད་ལོ་གོང་མ་ལས་བརྒྱ་ཆའི་གྲངས་0.4མཐོ་རུ་ཕྱིན་ཏེ་ཞིང་པ་ལས་མིའི་ཟླ་རེའི་ཆ་སྙོམས་ཡོང་འབབ་བརྟན་པོའི་ངང་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད།
     སྙན་ཞུ་ལས་མངོན་པར། ན་ནིང་རང་རྒྱལ་གྱི་ཞིང་པ་ལས་མིའི་བསྡོམས་འབོར་ལོ་གོང་མ་ལས་མི་ཁྲི་184མང་དུ་ཕྱིན་ནས་0.6%འཕར་ཡོད། ཞིང་པ་ལས་མིའི་འཕར་ཚད་ལོ་གོང་མ་ལས་མི་ཁྲི་297ཉུང་དུ་ཕྱིན་པ་དང་བསྡོམས་འབོར་འཕར་ཚད་ལོ་གོང་མ་ལས་བརྒྱ་ཆའི་གྲངས་1.1ཆག་ཡོད། ཞིང་པ་ལས་མིའི་བསྡོམས་འབོར་ནང་གྲོང་གསེབ་ཀྱི་ཐག་ཉེ་སར་ལས་ཀ་བྱེད་མཁན་ས་གནས་དེ་གའི་ཞིང་པ་ལས་མི་ཁྲི་11570ཟིན་པ་དེ་ལོ་གོང་མ་ལས་0.9%འཕར་ཡོད། ཕྱིར་ལས་ཀ་བྱེད་མཁན་ཞིང་པ་ལས་མིའི་ནང་གྲོང་ཁྱེར་དུ་ལས་ཀ་བྱེད་མཁན་ཞིང་པ་ལས་མི་ཁྲི་13506ཟིན་པ་དེ་གོང་མ་ལས་མི་ཁྲི་204ཉུང་དུ་ཕྱིན་ཏེ་1.5%ཆག་ཡོད་པ་རེད།