འཚོལ་བཤེར།   
藏文频道
2019ལོའི་ཟླ་5ཚེས་5ཉིན།

༄༅།།དུས་རབས་གསར་པར་ལྔ་བཞིའི་སྙིང་སྟོབས་ལས་འོད་སྟོང་གསར་པ་འཕྲོ་བར་བྱེད།

—— ལྔ་བཞིའི་ལས་འགུལ་སྤེལ་ནས་ལོ་100འཁོར་བར་དྲན་གསོ་ཞུ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 05ཚེས་05ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ལྔ་བཞིའི་ལས་འགུལ་སྤེལ་ནས་ལོ་100འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་། ལྔ་བཞིའི་ལས་འགུལ་གྱི་ལོ་རྒྱུས་དོན་སྙིང་ལ་གདེང་འཇོག་མཐོ་པོ་གནང་བ་དང་། དུས་རབས་གསར་པར་ལྔ་བཞིའི་སྙིང་སྟོབས་དར་སྤེལ་གཏོང་བའི་བླང་བྱ་གལ་ཆེན་ཁ་གསལ་བཏོན་གནང་ནས་དེང་རབས་ཀྱི་གཞོན་ནུར་མངགས་བཅོལ་ཟབ་མོ་གནང་བ་དང་རྒྱ་ཆེའི་གཞོན་ནུ་ཚོས་ཧུར་བརྩོན་ཆེན་པོས་དུས་རབས་གསར་པར་གཅེས་སྤྲས་དང་དུས་རབས་གསར་པར་འབད་འབུངས་བྱེད་པའི་ཡིད་ཆེས་བརྟན་པོར་སྐུལ་ལྕག་ཤུགས་ཆེན་གནང་བ་ལས། ང་ཚོས་དུས་རབས་གསར་པར་རླབས་ཆེན་གྱི་ལྔ་བཞིའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། ལྷག་པར་དུ་དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུ་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་མགྱོགས་མྱུར་བསྐྲུན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བཅས་བྱེད་ཆེད་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད།
     ལྔ་བཞིའི་ལས་འགུལ་ནས་འགོ་བཙུགས་ཏེ་མར་ཁེ་སི་རིང་ལུགས་དེ་ཉིད་ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བྱ་གཞག་བཅས་ཀྱི་མཛུབ་ཁྲིད་བསམ་བློར་གྱུར་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་ནས་མི་རིགས་རང་ཚུགས་དང་། མི་དམངས་བཅིངས་འགྲོལ་དང་རྒྱལ་ཁབ་སྟོབས་འབྱོར་ལྡན་པ། མི་དམངས་བདེ་སྐྱིད་ཡོང་བ་བཅས་ཀྱི་ལོ་རྒྱུས་ཀྱི་འགན་འཁྲི་ལྗིད་པོ་ཁུར་ནས་སྤྱི་ཚོགས་རིང་ལུགས་དེ་ཉིད་ཀྲུང་གོའི་ས་གཞི་ཆེ་མོར་རྩ་བ་ཚུགས་པ་དང་སྦྲགས། རྒྱུན་ཆད་མེད་པར་འཐུས་སྒོ་ཚང་པོའི་སྒོ་ནས་འཕེལ་རྒྱས་ཕྱིན་པ་དང་། ཀྲུང་ཧྭ་མི་རིགས་ཀྱིས་ཡར་ལངས་ནས་འབྱོར་ཕྱུག་དང་སྟོབས་འབྱོར་ལྡན་པའི་བར་གྱི་མཆོང་སྐྱོད་རླབས་ཆེན་བསུས་ཡོད། དེ་རིང་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་5000ལྷག་ཙམ་གྱི་ཤེས་དཔལ་ལོ་རྒྱུས་དང་། ཀྲུང་གོའི་མི་དམངས་ཀྱི་ཉེ་རབས་ཚུན་གྱི་ལོ་ངོ་170ལྷག་ཙམ་གྱི་འཐབ་རྩོད་ལོ་རྒྱུས། ཀྲུང་གོ་གུང་ཁྲན་ཏང་གི་ལོ་90ལྷག་ཙམ་གྱི་འབད་འཐབ་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་ལངས་ནས་ལྔ་བཞིའི་ལས་འགུལ་སྤེལ་ཚུན་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ལམ་ཚད་རྡོ་རིང་ཆེན་པོ་གསུམ་ཏེ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ། སྒྱུར་བཅོས་སྒོ་དབྱེ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་ལ་སྐུལ་འདེད་གཏོང་བ་བཅས་ལ་ཕྱིར་དྲན་བྱེད་སྐབས། ང་ཚོས་ལྔ་བཞིའི་ལས་འགུལ་གྱིས་དེང་རབས་ཀྲུང་གོའི་འཕེལ་རྒྱས་ཡར་ཐོན་ལ་ཤུགས་རྐྱེན་གལ་ཆེན་དང་གཏིང་ཟབ་ཐེབས་པ་ཤེས་ཚོར་དེ་བས་ཐུབ་པ་དང་། ལྷག་པར་དུ་ལྔ་བཞིའི་ལས་འགུལ་ལས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་དོན་སྙིང་གལ་ཆེན་ལྡན་པ་ཤེས་རྟོགས་བྱེད་ཐུབ།
     གཞོན་ནུ་དར་ཚེ་རྒྱལ་ཁབ་དར་རྒྱས་འགྲོ་བ་དང་། གཞོན་ནུ་སྟོབས་དང་ལྡན་ན་རྒྱལ་ཁབ་སྟོབས་འབྱོར་ལྡན་པར་གྱུར། ལྔ་བཞིའི་ལས་འགུལ་སྤེལ་ཚུན་གྱི་ལོ་100ནི་མི་རབས་ནས་མི་རབས་བར་གྱི་ཀྲུང་གོའི་གཞོན་ནུ་ཚོས་མུ་མཐུད་འབད་འཐབ་དང་རྒྱལ་ཁའི་གླུ་དབྱངས་ལེན་བཞིན་མདུན་སྐྱོད་བྱེད་པའི་ལོ་100དང་། ཀྲུང་གོའི་གཞོན་ནུས་རང་ཉིད་ཀྱི་ལང་ཚོར་བརྟེན་ནས་ལང་ཚོ་ལྡན་པའི་ཀྲུང་གོ་དང་ལང་ཚོ་ལྡན་པའི་མི་རིགས་གཏོད་པའི་ལོ་100རེད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་མི་རབས་ནས་མི་རབས་བར་གྱི་ཕུགས་བསམ་ལྡན་པའི་གཞོན་ནུ་ཚོས“རང་ཉིད་ཀྱི་ལང་ཚོར་བརྟེན་ནས་ལང་ཚོ་ལྡན་པའི་ཁྱིམ་ཚང་དང་། ལང་ཚོ་ལྡན་པའི་རྒྱལ་ཁབ། ལང་ཚོ་ལྡན་པའི་མི་རིགས། ལང་ཚོ་ལྡན་པའི་མིའི་རིགས། ལང་ཚོ་ལྡན་པའི་སའི་གོ་ལ། ལང་ཚོ་ལྡན་པའི་འཇིག་རྟེན་བཅས་བཏོད”དེ་ཀྲུང་ཧྭ་མི་རིགས་ཀྱིས་དྲག་ཆར་རླུང་འཚུབ་བརྒལ་བ་དང་བསྐྱར་དར་ཕྱོགས་སུ་སྐྱོད་པའི་སྟོབས་ཤུགས་ཆེན་པོ་གཅིག་དུ་བསྡུས་ནས་གནམ་ས་འགུལ་བའི་ལང་ཚོའི་དབྱངས་རྟ་གཅིག་མཇུག་གཉིས་མཐུད་ངང་བརྩམས་ཡོད། ལོ་རྒྱུས་ལས་ར་སྤྲོད་གསལ་པོ་བྱུང་བར། གཞོན་ནུ་ནི་སྤྱི་ཚོགས་ཧྲིལ་པོའི་སྟོབས་ཤུགས་ཁྲོད་ཀྱི་ཧུར་བརྩོན་ཆེ་ཤོས་དང་གསོན་ཤུགས་ལྡན་ཤོས་ཀྱི་སྟོབས་ཤུགས་ཡིན་ལ། རྒྱལ་ཁབ་ཀྱི་རེ་བ་གཞོན་ནུར་བཅོལ་ཡོད་པ་དང་མི་རིགས་ཀྱི་འབྱུང་འགྱུར་ཡང་གཞོན་ནུར་བཅོལ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་གནང་བ་བཞིན། “དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུའི་ལས་འགུལ་གྱི་བརྗོད་དོན་གཙོ་བོ་དང་། དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུའི་ལས་འགུལ་གྱི་ཁ་ཕྱོགས། དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུའི་འགན་འཁྲི་བཅས་ལ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་ཀྱིས་མི་དམངས་དང་མཉམ་དུ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཆེད་འབད་འཐབ་བྱེད་དགོས་པ་དེ་རེད” རྒྱ་ཆེའི་གཞོན་ནུ་ཚོས་མུ་མཐུད་ལྔ་བཞིའི་སྙིང་སྟོབས་དར་སྤེལ་བཏང་ནས་རྒྱང་རིང་གི་ཕུགས་བསམ་དང་ཏན་ཏན་ཏིག་ཏིག་ཟུང་དུ་སྦྲེལ་ནས་སྒེར་གྱི་ཕུགས་བསམ་དེ་མི་རིགས་བསྐྱར་དར་གྱི་རླབས་ཆེན་ཕུགས་བསམ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ནང་འདྲེས་པར་བྱས་ཏེ་དུས་རབས་ཀྱིས་དཀྲིས་པའི་གཟི་བརྗིད་ལས་འགན་ཕྲག་ཐོག་ཏུ་ཁུར་ནས་དུས་རབས་གསར་པའི་ལང་ཚོའི་གླུ་དབྱངས་ལེན་དགོས།
      ལྔ་བཞིའི་སྙིང་སྟོབས་ཀྱི་སྐུལ་སྤེལ་འོག དེང་རབས་གཞོན་ནུ་ཚོས་ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་བརྩེ་སེམས་འཕེལ་བ་བྱས་ཏེ་མེས་རྒྱལ་དང་མཉམ་དུ་འབད་བརྩོན་བྱེད་དགོས། རྒྱལ་གཅེས་རིང་ལུགས་ནི་ལྔ་བཞིའི་སྙིང་སྟོབས་ཀྱི་སྲོག་ཤིང་དང་། ང་ཚོའི་མི་རིགས་ཀྱི་སྙིང་སྟོབས་ཀྱི་སྲོག་ཤིང་། ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་འབད་འཐབ་དང་འབད་བརྩོན་ལྷོད་མེད་བྱེད་པའི་སྙིང་སྟོབས་ཀྱི་འབྲེལ་ཐག་བཅས་རེད། ལོ་རྒྱུས་ལས་ར་སྤྲོད་གང་ལེགས་བྱུང་བར། རྒྱལ་གཅེས་རིང་ལུགས་ཀྱིས་ཐོག་མཐའ་བར་གསུམ་དུ་མི་རིགས་སྟོབས་འབྱོར་ལྡན་པ་དང་མི་རིགས་བདེ་སྐྱིད་དང་དར་རྒྱས་ལ་དམ་པོར་དམིགས་ནས་མཐའ་མཇུག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནང་འདྲེས་ཡོད་པ་དང་། མེས་རྒྱལ་གྱི་ལས་དབང་དང་། ཏང་གི་ལས་དབང་། སྤྱི་ཚོགས་རིང་ལུགས་ཀྱི་ལས་དབང་བཅས་ཁ་འབྲལ་ཐབས་མེད་པ་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་བ་ལྟར། “དེང་རབས་ཀྱི་ཀྲུང་གོར་རྒྱལ་གཅེས་རིང་ལུགས་ཀྱི་ངོ་བོ་ནི་མེས་རྒྱལ་ལ་དགའ་ཞེན་དང་། ཏང་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་ཚད་མཐོའི་གཅིག་གྱུར་བྱ་རྒྱུ་དེ་རེད” “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱ་རྒྱུ་ནི་དེང་གི་ཀྲུང་གོའི་མངོན་གསལ་དོད་ཤོས་ཀྱི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་དེ་ཡིན། རྒྱ་ཆེའི་གཞོན་ནུ་ཚོས་དུས་རབས་འདིའི་བརྗོད་དོན་གཙོ་བོ་དང་བློ་ཁ་གཅིག་མཐུན་གྱི་ཕུགས་བསམ་དང་དད་སེམས་བཙུགས་ནས“གདེང་ཚོད་བཞི”བརྟན་དུ་གཏོང་བ་དང་རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་ཟབ་གཏོང་གིས་རྒྱལ་གཅེས་བསམ་པ་དང་། རྒྱལ་ཁབ་སྟོབས་འབྱོར་ཡོང་བའི་འདུན་པ། རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་བྱ་སྤྱོད་བཅས་རང་རྟོགས་ངང་རླབས་ཆེན་ཕུགས་འདུན་མངོན་འགྱུར་བྱེད་པའི་འབད་འཐབ་ཁྲོད་འདྲེས་ཐུབ་པ་བྱས་ཏེ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་མཁན་དང་ཤུལ་འཛིན་པ་ཞིག་དང་མི་རིགས་བསྐྱར་དར་ཡོང་བའི་འགན་འཁྲི་ལྕི་པོ་འཁུར་མཁན་གྱི་དུས་རབས་ཀྱི་མི་སྣ་གསར་པ་ཞིག་ཏུ་ཧུར་ཐག་འགྱུར་བ་བྱེད་དགོས།
     ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས་ལང་ཚོའི་དཔལ་འབར་བ་དང་ལང་ཚོའི་ཕུགས་བསམ་འཚོལ་སྙེགས་དང་། དུས་རབས་གསར་པར་གཅེས་སྤྲས་དང་དུས་རབས་གསར་པར་འབད་འཐབ་བྱེད་པ། རང་ཉིད་ཀྱི་ལང་ཚོ་དང་འབད་འཐབ་ལ་བརྟེན་པ་བཅས་བྱས་ནས་མི་རིགས་བསྐྱར་དར་ཆེད་ལམ་བཟོ་ཟམ་འཛུགས་དང་མེས་རྒྱལ་གྱི་འཛུགས་སྐྲུན་ཆེད་ནུས་ཤུགས་ཡོད་རྒུ་བཏོན་ནས་ལང་ཚོ་འདི་ཉིད་མེས་རྒྱལ་དང་། མི་དམངས། མི་རིགས། མིའི་རིགས་བཅས་ཀྱི་ཆེད་དུ་ལེགས་སྐྱེས་འབུལ་བའི་ཁྲོད་འོད་སྟོང་དེ་བས་འབར་བ་བྱེད་དགོས།