མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་28ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

      ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན། པེ་ཅིང་མཛའ་གྲོགས་མགྲོན་ཁང་དུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་བཀའ་མོལ་གནང་བ་རེད།
     ཞི་ཅིན་ཕིང་གིས་འདི་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཞིག་ཡིན་ལ། ཀྲུང་གོ་དང་ཨུ་རུ་སུ་དབར་ཕྱི་འབྲེལ་བཙུགས་ནས་ལོ་70འཁོར་བའི་ལོ་ཞིག་ཀྱང་རེད། ལོ་70ཡི་རིང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དཀའ་སྡུག་མཉམ་མྱོང་དང་འབད་འབུངས་མདུན་སྐྱོད་ཀྱི་ལམ་བུའི་ཐོག་བསྐྱོད་ནས་ཕན་ཚུན་ཡིད་ཆེས་བྱེད་ཚད་མཐོ་ཤོས་དང་། མཉམ་སྒྲུབ་ཀྱི་ཆུ་ཚད་མཐོ་ཤོས། འཐབ་ཇུས་ཀྱི་རིན་ཐང་ཆེ་ཤོས་བཅས་ཀྱི་རྒྱལ་ཁབ་ཆེན་པོ་གཉིས་ཀྱི་འབྲེལ་བར་གྱུར་ཡོད། དུས་རབས་གསར་པར་སླེབས་པས་ངས་སྐུ་ཞབས་ཙུང་ཐུང་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ནས་འགོ་ཚུགས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དུས་བསྟུན་འཕེལ་རྒྱས་ཡོང་བར་ཁྲིད་སྟོན་བྱེད་པ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་འཕེལ་བ་བྱེད་པ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་བས་ཡག་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཐུན་མོང་ཐོག་འཛམ་གླིང་གི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་འདོད་ཡོད་ཅེས་གསུངས་པ་རེད།
     ཕུའུ་ཅིང་གིས་ད་ཐེངས་ཀྲུང་གོར“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པར་ཞུགས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་རྒྱལ་སྤྱིའི་མཉམ་ལས་རྒྱ་བསྐྱེད་གཏོང་བར་ལས་སྟེགས་གལ་ཆེན་བཏོད་པ་དང་། གྲུབ་འབྲས་ཐོབ་པའི་མིག་དཔེ་བཏོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཀྱི་རྒྱབ་སྐྱོར་ཐོབ་ཚད་སྔར་ལས་མང་དུ་འགྲོ་བཞིན་ཡོད། དེ་ནི་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་དང་སྐུ་ཚབ་མང་པོ་འདི་འདྲ་སྐབས་འདིའི་གླེང་སྟེགས་ལ་ཞུགས་པ་ལས་ར་འཕྲོད་ཐུབ། མིག་སྔར་ཨུ་རུ་སུ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་སྒྲུབ་རོགས་ཟླའི་འབྲེལ་བ་ལོ་རྒྱུས་ཀྱི་ཆུ་ཚད་ཡག་ཤོས་སུ་སླེབས་ནས་རྒྱལ་ཁབ་དབར་གྱི་འབྲེལ་བའི་དཔེ་མཚོན་དུ་གྱུར་ཡོད་ཅེས་གསུངས་པ་རེད།

  
style="display:none;"