འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་28ཉིན།

༄༅།།རང་རྒྱལ་གྱིས་ས་བབ་མཐོ་བའི་རྩྭ་ཐང་དུ་རིག་ནུས་གཞི་ཁྱོན་ཅན་གྱི་ས་བོན་བཏབ་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་26ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།རང་རྒྱལ་གྱིས་ས་བབ་མཐོ་བའི་རྩྭ་ཐང་དུ་རིག་ནུས་གཞི་ཁྱོན་ཅན་གྱི་ས་བོན་བཏབ་པ།
     མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་25ཉིན། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཁྱུང་མཆི་རྫོང་སྦྲ་ཆེན་གྲོང་རྡལ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3600ཡན་ཡོད་པའི་རྩྭ་ཐང་ཆེན་པོ་རུ་ཆགས་ཡོད། ཡུལ་དེ་གའི་འབྲོག་པ་ཚོས་མི་མེད་གནམ་གྲུ་ལ་བརྟེན་ནས་མུའུ་ཁྲི་ཕྲག་ཁ་ཤས་ཟིན་པའི་རྩྭ་ཐང་དུ་རྩྭ་འབྲུ་བཏབ་པར་ལེགས་འགྲུབ་བྱུང་ཡོད། འདི་ནི་རང་རྒྱལ་གྱི་ཐེངས་དང་པོར་ས་བབ་མཐོ་བའི་རྩྭ་ཐང་དུ་རིག་ནུས་ཅན་དང་། ཚན་རིག་ཅན། གཞི་ཁྱོན་ཅན་བཅས་ཀྱི་ས་བོན་འདེབས་སྟངས་མངོན་འགྱུར་བྱུང་པ་རེད། 
     ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་འགའི་རིང་ལ་མི་མེད་གནམ་གྲུ་བཀོལ་སྤྱོད་འཕེལ་རྒྱས་སུ་སོང་བ་དང་བསྟུན། བདེ་ཐང་ས་ཁུལ་གྱི་གྲོང་གསེབ་ཏུ་ས་ཞིང་ཚད་འཇལ་དང་། ཞིང་སྨན་དང་ལུད་རྫས་གཏོར་བ་སོགས་ཀྱི་ལག་རྩལ་རྒྱ་ཆེར་བཀོལ་སྤྱོད་བྱས་ཡོད་ན་ཡང་། མཁའ་རླུང་དང་། ས་དབྱིབས། དྲོད་ཚད། རླུང་ཤུགས་སོགས་ཕྱོགས་མང་པོའི་རྒྱུ་རྐྱེན་མི་འདྲ་བའི་དབང་གིས། ས་བབ་མཐོ་སའི་ཞིང་ལས་ཁྱབ་ཁོངས་སུ་མི་མེད་གནམ་གྲུ་བཀོལ་སྤྱོད་བྱེད་རྒྱུ་ད་དུང་རྒྱ་ཁྱབ་ཏུ་སྤེལ་ཐུབ་མེད།
དུས་མཚུངས་སུ་ས་བབ་མཐོ་བའི་རྩྭ་ཐང་དུ་ཕྱུགས་ཟོག་འབོར་ཆེན་གྱིས་རྩྭ་སར་གཏོར་བརླག་བཟོས་ཡོད་ཅིང་། སྔོན་སྲོལ་ལྟར་མི་ཤུགས་ལ་བརྟེན་ནས་རྩྭ་ཐང་དུ་རྒྱ་ཆེན་པོར་རྩྭ་འདེབས་པ་ནི་དུས་ཚོད་དང་མི་ཤུགས་གཉིས་ཀའི་ཐད་ལ་ཟད་གྲོན་ཆེ་ཞིང་། ད་དུང་ས་བོན་བཏབ་པ་སྙོམས་པོ་མིན་པས། རྩྭ་ས་བྱེ་ཐང་ཅན་དུ་ཚབས་ཆེན་འགྱུར་བཞིན་ཡོད། དེའི་ཕྱིར། སྔར་བས་ཚན་རིག་དང་མཐུན་ཞིང་ཕན་ནུས་ཆེ་བའི་ས་བོན་འདེབས་སྟངས་ཤིག་ལ་འབྲོག་པ་མང་ཚོགས་ཀུན་གྱིས་རེ་སྒུག་བྱས་ཡོད། 
     ཁྱུང་མཆི་རྫོང་ནི་སི་ཁྲོན་གྱི་འབྲོག་ཁུལ་རྫོང་གི་མཚོན་བྱེད་གཅིག་ཡིན་པའི་ཆ་ནས། རྩྭ་སའི་རྒྱ་ཁྱོན་ནི་མུའུ་ཁྲི་1000ཟིན་ཡོད་ཅིང་། རིག་ནུས་གཞི་ཁྱོན་ཅན་གྱི་ས་བོན་འདེབས་པའི་སྒྲིག་ཆས་རྒྱ་ཆེར་བེད་སྤྱོད་ཐུབ་ན། འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་དང་སྐྱེ་ཁམས་སླར་གསོ་ལ་རོགས་རམ་ཆེན་པོ་བྱ་ཐུབ་རྒྱུ་རེད། 
༄༅།།རང་རྒྱལ་གྱིས་ས་བབ་མཐོ་བའི་རྩྭ་ཐང་དུ་རིག་ནུས་གཞི་ཁྱོན་ཅན་གྱི་ས་བོན་བཏབ་པ།