འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་22ཉིན།

༄༅།།ཀྲུང་གོའི་ཞིང་ལས་ཀྱི་རྒྱང་ལྟའི་སྙན་ཞུ་ཁྱབ་བསྒྲགས་བྱས་པ། འབྱུང་འགྱུར་ལོ་10ཡི་ཞིང་ལས་ཐོན་ཟོག་ཁྲོམ་
རའི་གནས་སྟངས་གསལ་པོར་རྟོགས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་22ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན། པེ་ཅིང་དུ་2019ལོའི་ཀྲུང་གོའི་ཞིང་ལས་ཀྱི་རྒྱང་ལྟའི་ཚོགས་ཆེན་འགོ་ཚུགས་པ་རེད། གསར་འགོད་པས་ཚོགས་འདུ་ནས་ཤེས་རྟོགས་བྱས་པ་ལྟར་ན། ཞིང་ལས་གྲོང་གསེབ་པུའུ་ཁྲོམ་རའི་སྔོན་བརྡའི་རིགས་གཅིག་མཁས་ཅན་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུའི་ཐོག《ཀྲུང་གོའི་ཞིང་ལས་ཀྱི་རྒྱང་ལྟའི་སྙན་ཞུ(2019—2028)》ཁྱབ་བསྒྲགས་བྱས་ཤིང་། སྙན་ཞུའི་ནང་ན་ནིང་རང་རྒྱལ་གྱི་ཞིང་ལས་ཐོན་ཟོག་གཙོ་བོ་ཐོན་སྐྱེད་དང་། འཛད་སྤྱོད། རིན་གོང་། ཉོ་ཚོང་སོགས་ཀྱི་སྤྱིའི་གནས་བབ་ལ་ཕྱིར་རྟོག་དང་དབྱེ་ཞིབ་བྱས་པ་མ་ཟད། ད་ལོ་དང་སླད་ཕྱིན་ལོ་10ཡི་ཞིང་ལས་ཐོན་ཟོག་ཁྲོམ་རའི་གནས་སྟངས་ལ་རྒྱང་ལྟ་ཡང་བྱས་པ་རེད།
     ད་ལོ་རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་མུ་མཐུད་བརྟན་པོ་རྒྱུན་འཁྱོངས་ཐུབ་ནས་ཞིང་ལས་ཀྱི་མཁོ་སྤྲོད་མ་ལག་གི་འགན་ལེན་ནུས་པ་དང་སྤུས་ཚད་ལས་ཕྱོད་སྔར་བས་མཐོ་རུ་ཕྱིན་ཡོད། སྙན་ཞུ་ལས་མངོན་པ་ལྟར་ན། ད་ལོར་འབྲས་དང་། གྲོ། ཨ་ཤོམ་བཅས་ཀྱི་འདེབས་ཁྱོན་མུའུ་དུང་ཕྱུར་14.38བརྟན་པོ་ཡོང་བ་དང་། སྤུས་ཞན་ཕྱོད་དམའ་ཁུལ་གྱི་ཆུ་འབྲས་དང་གྲོ་འདེབས་ཁྱོན་ཉུང་དུ་འོས་འཚམ་བཏང་ཁར་སྲན་མའི་འདེབས་ཁྱོན་མུའུ་ཁྲི་1000ལྷག་ཙམ་འཕར་རེ་ཡོད། སྔོ་ཉར་ཨ་ཤོམ་སོགས་གཟན་རྩྭ་སྤུས་ལེགས་ཐོན་སྐྱེད་བྱེད་ཚད་འཕར་བ་དང་དེ་བཞིན་འབྲོག་ལས་དང་ཉ་ལས་ཐོན་སྐྱེད་བརྟན་ཐོག་ཡར་འཕེལ་བྱུང་བ་རེད། དེ་དང་ཆབས་ཅིག་འབྲས་དང་། གྲོ། ཤིང་ཏོག་བཅས་སྤུས་ལེགས་གོང་ཁེ་དང་ཁྲོམ་རའི་ཉོ་ཚོང་གཉིས་འཕེལ་གྱི་ཁྱད་ཆོས་སྔར་བས་མངོན་གསལ་དོད་ཅིང་། ཨ་ཤོམ་མཁོ་སྤྲོད་ཀྱི་འབྲེལ་བ་ལྷུག་པོ་ནས་གཞི་རྩའི་དོ་སྙོམས་དང་། རིན་གོང་བརྟན་པའི་ངང་འཕར་བའི་རྣམ་པ་མངོན་ཁར་ཕག་ཤའི་རིན་གོང་ལོ་སྨད་དུ་ཆེས་ཆེར་འཕར་སྲིད་པ་དང་། ནོར་ལུག་དང་ཁྱིམ་བྱ་དང་ཆུ་ཐོན་ཐོན་རྫས་སོགས་ཀྱི་རིན་གོང་ཡང་བརྟན་པོའི་ཁྲོད་དུ་ཅུང་ཟད་འཕར་ངེས་རེད།
     སྙན་ཞུའི་ནང་ཚོད་རྩིས་བྱས་པར། འབྱུང་འགྱུར་ལོ་10ཡི་རིང་། རང་རྒྱལ་གྱི་བཟའ་འབྲུ་ཐོན་སྐྱེད་བརྟན་ཐོག་ཡར་འཕེལ་ཞིང་ལས་ཐོན་ཟོག་གི་འཛད་སྤྱོད་སྤྱི་འབོར་གྱི་འཕར་ཚད་དལ་དུ་འགྲོ་སྲིད་པ་མ་ཟད། འཛད་སྤྱོད་ཀྱི་གྲུབ་ཆ་ཕྱོགས་སྒྱུར་རིམ་སྤོར་མངོན་གསལ་དོད་དུའང་འགྲོ་སྲིད། འབྲས་དང་གྲོའི་ཐོན་འབོར་ལོར་ཆ་སྙོམས་འཕར་ཚད་0.5%ཟིན་པ་དང་། ཨ་ཤོམ་དང་། སྲན་མ། ཤིང་འབྲས་བཅས་ཀྱི་ཐོན་འབོར་ལོར་ཆ་སྙོམས་འཕར་ཚད་2.0%ལྷག་ཙམ་ཟིན་པ། ཀ་ར་དང་། སྔོ་ཚལ། ཆུ་ཐོན་ཐོན་རྫས་བཅས་ཀྱི་ཐོན་འབོར་ལོར་ཆ་སྙོམས་འཕར་ཚད་1.0%ནས་2.0%བར་རྒྱུན་འཁྱོངས་ཐུབ་པ། དཀར་ཆུའི་ཐོན་རྫས་དང་། ལུག་ཤ ཆུ་ཐོན་ཐོན་རྫས། སྔོ་ཚལ། ཤིང་ཏོག་བཅས་ཀྱི་འཛད་སྤྱོད་མགྱོགས་པོ་འཕར་ཁར་ལོར་ཆ་སྙོམས་འཕར་ཚད་2.0%ལྷག་ཙམ་ཟིན། ཀ་ར་དང་། ཕག་ཤ ཚགས་ཤ བྱ་ཤ་བཅས་ཀྱི་ཟ་སྤྱོད་འཛད་སྤྱོད་ལོར་ཆ་སྙོམས་འཕར་ཚད་1.0%ནས་2.0%ཟིན་རེ་ཡོད། ཤིང་ཏོག་དང་། ཞོག་ཁོག ནོར་ལུག་གི་ཤ་དང་ཁྱིམ་བྱའི་ཤ་ལས་སྣོན་འཛད་སྤྱོད་ཀྱི་ལོར་ཆ་སྙོམས་འཕར་ཚད་3.0%ལྷག་ཙམ་ཟིན་རེ་ཡོད།