འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་22ཉིན།

༄༅།།ཀྲུང་གོའི་མཚོ་དམག་བཙུགས་ནས་ལོ་70འཁོར་བའི་རྒྱལ་ཁབ་མང་པོའི་མཚོ་དམག་གི་བྱེད་
སྒོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་དང་པོ་འཚོགས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་22ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་ཆིང་ཏའོ་ནས་ཟླ་4ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན་གྱི་སྔ་དྲོ་ཀྲུང་གོའི་མཚོ་དམག་བཙུགས་ནས་ལོ་70འཁོར་བའི་རྒྱལ་ཁབ་མང་པོའི་མཚོ་དམག་གི་བྱེད་སྒོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་དང་པོ་ཆིང་ཏའོ་ཧོང་ཧའེ་གསོལ་མགྲོན་ཁང་དུ་འཚོགས་པ་རེད། མཚོ་དམག་གི་སི་ལིང་ཡོན་གཞོན་པ་ཀྲུང་ཅང་དམག་དཔོན་ཆིའུ་ཡན་ཕུང་གིས་བཞེད་དོན་གཙོ་བོ་ཡོངས་བསྒྲགས་གནང་བ་རེད། མཚོ་དམག་གི་གསར་འགྱུར་མགྲིན་ཚབ་པ་ཏ་ཞོའོ་དམག་དཔོན་ཁྲེང་ཏེ་ཝེས་ཡོངས་བསྒྲགས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
     ཆིའུ་ཡན་ཕུང་གིས་དང་ཐོག་མཚོ་དམག་བཙུགས་ནས་ལོ་70འཁོར་ཚུན་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ངོ་སྤྲོད་གནང་ཞིང་། ཁོང་གིས་མི་དམངས་མཚོ་དམག་ནི་1949ལོའི་ཟླ་4ཚེས་23ཉིན་ཅང་སུའུ་ཐའེ་ཀྲོའུ་པའེ་མ་མིའོ་རུ་བཙུགས་པ་ནས་བཟུང་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག དཀའ་ཚེགས་ཁྲོད་ལས་གཏོད་དང་། དམག་འཐབ་ཁྲོད་འཚར་ལོངས། གསར་གཏོད་ཁྲོད་འཕེལ་རྒྱས་བཅས་བྱུང་ནས་ཉིང་རྡུལ་མཚོན་ཆ་དང་སྤྱིར་བཏང་མཚོན་ཆ་གཉིས་ལྡན་དང་། ཆ་འཕྲིན་ཅན་གྱི་ཆ་རྐྱེན་འོག་ཟིལ་གྱིས་གནོན་པ་དང་ལག་ལེན་གྱི་ནུས་པ་ལྡན་པ། རིགས་སྣ་ཚོགས་ཀྱི་དམག་དོན་ལས་འགན་རིམ་པས་སྒྲུབ་ཐུབ་པའི་མཚོ་ཐོག་གི་སྟོབས་ཤུགས་ཤིག་ཏུ་གྱུར་ཡོད་ཅེས་གསུངས་པ་རེད།
     རྒྱལ་ཁབ་མང་པོའི་མཚོ་དམག་བྱེད་སྒོའི་འབྲེལ་ཡོད་གནས་ཚུལ་སྐོར་གླེང་སྐབས། ཆིའུ་ཡན་ཕུང་གིས་རྒྱལ་ཁབ་མང་པོའི་མཚོ་དམག་བྱེད་སྒོ་སྒྲིག་འཛུགས་བྱེད་པ་ནི་རྒྱལ་སྤྱིའི་ཐོག་ཀུན་གྱིས་སྤྱོད་པའི་བྱེད་སྟངས་དང་མཚོ་དམག་དབར་སྤེལ་རེས་ཀྱི་དམིགས་བསལ་བྱེད་ཐབས་ཤིག་ཡིན། བྱེད་སྒོ་དེ་སྤེལ་བ་ནི་མི་དམངས་མཚོ་དམག་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི“མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ”ཀྱི་འདུ་ཤེས་ལག་ལེན་བྱེད་པའི་བྱ་སྤྱོད་དངོས་ཤིག་རེད། མིག་སྔར་རྒྱལ་ཁབ་60ལྷག་ཙམ་གྱི་མཚོ་དམག་གི་འཐུས་མི་ཚོགས་པ་དེའི་ནང་ཞུགས་ཡོད་པ་དང་། རྒྱལ་ཁབ་10ལྷག་ཙམ་གྱིས་གྲུ་གཟིངས་20ཙམ་མངགས་གཏོང་བྱས་ནས་རྒྱལ་སྤྱིའི་གྲུ་གཟིངས་རུ་ཁག་གི་གཟིགས་ཞིབ་ནང་ཞུགས་ཡོད། དེའི་རིང་ད་དུང་མཐོ་རིམ་བགྲོ་གླེང་ཚོགས་འདུ་དང་། མཉམ་འབྲེལ་དམག་དཔུང་རོལ་ཆའི་འགྲེམས་སྟོན། བརྗོད་དོན་གཙོ་བོའི་གློག་འོད་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད་ཅེས་གསུངས་པ་རེད།
     ཆིའུ་ཡན་ཕུང་གིས་ཀྲུང་གོའི་མཚོ་དམག་ནི་ཐོག་མཐའ་བར་གསུམ་དུ་ཞི་བདེའི་སྟོབས་ཤུགས་ཤིག་རེད། ལོ་70ཡི་རིང་སྔ་རྗེས་སུ་རྒྱལ་ཁབ་94ཡི་གྲུ་ཁ་138ལ་འཚམས་འདྲིར་ཐེངས་100ལྷག་ཙམ་བསྐྱོད་མྱོང་བ་དང་ཕྱི་རྒྱལ་དམག་དཔུང་དང་མཉམ་འཁྲབ་མཉམ་སྦྱོང་ཐེངས་60ལྷག་ཙམ་བྱེད་མྱོང་ཡོད། མཚོ་འགྲུལ་སྲུང་སྐྱེལ་དཔུང་རུ་ཐེངས་32མངགས་གཏོང་བྱས་ནས་ཀྲུང་གོ་དང་ཕྱི་རྒྱལ་གྱི་གྲུ་གཟིངས་6600ལ་མཚོ་འགྲུལ་སྲུང་སྐྱེལ་བྱས་པ། སི་རི་ཡའི་རྫས་འགྱུར་མཚོན་ཆ་མཚོ་ཐོག་སྲུང་སྐྱེལ་ཁག་ཐེངས་20ལེགས་སྒྲུབ་བྱས་པ། ཞི་བདེའི་གྲུ་གཟིངས་སྨན་ཁང་གིས་རྒྱལ་ཁབ་དང་ས་ཁུལ་43གྱི་དམངས་ཚོགས་མི་ཐེངས་ཁྲི་23ལྷག་ཙམ་ལ་རིན་མི་དགོས་པར་སྨན་བཅོས་ཞབས་ཞུ་སྒྲུབ་པ་སོགས་བྱས་ཡོད་ཅེས་གསུངས།
     ཀྲུང་དབྱང་སྨྱན་སྦྱོར་གཙོ་བོ་དང་། འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར་གྱི་སྨྱན་སྦྱོར། ཐའེ་ཀང་ཨའོ་སྨྱན་སྦྱོར། ཕྱི་རྒྱལ་སྨྱན་སྦྱོར་བཅས་ཀྱི་གསར་འགོད་པ་200ཙམ་ཡོངས་བསྒྲགས་ཚོགས་འདུར་ཞུགས་ཡོད།