འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་19ཉིན།

༄༅།།ཕེ་རུའི་ཙུང་ཐུང་ཟུར་པར་རུལ་སུངས་ཀྱི་དོགས་གཞི་ཡོད་པས་རང་སྲོག་བཅད།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་18ཉིན། 13:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཕེ་རུའི་ཙུང་ཐུང་ཟུར་པར་རུལ་སུངས་ཀྱི་དོགས་གཞི་ཡོད་པས་རང་སྲོག་བཅད།
     མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་17ཉིན་གྱི་སྔ་དྲོར། ལྐོག་ཟ་རུལ་སུངས་ཀྱི་དོགས་གཞི་ཡོད་པའི་ཕེ་རུའི་ཙུང་ཐུང་ཟུར་པ་ཨ་ལན་ཅ་ཞི་ཡས་ཕེ་རུའི་ཁྲིམས་འཛིན་ལས་ཁུངས་ཀྱིས་འཛིན་བཟུང་བྱ་རྒྱུ་ཡིན་པ་ཤེས་རྗེས། མེ་མདའ་འཕངས་ནས་རང་སྲོག་རང་གིས་བཅད་ཅིང་། མིག་སྔར། སྨན་ཁང་དུ་བསྐྱལ་ནས་མྱུར་སྐྱོབ་བྱེད་བཞིན་ཡོད། 
    ཕེ་རུའི་ཁྲིམས་འཛིན་ལས་ཁུངས་ཀྱིས་ཉིན་དེའི་སྔ་དྲོར་ཁྱབ་བསྒྲགས་བྱས་དོན། ད་ལྟ་རྟོག་ཞིབ་དང་ལེན་བྱེད་བཞིན་ཡོད་པའི་ཅ་ཞི་ཡ་ཉིན་10རིང་བཀག་ཉར་བྱ་རྒྱུའི་ཐག་བཅད་ནས། ཁྲིམས་འཛིན་ཉེན་རྟོག་པ་ཅ་ཞི་ཡའི་སྡོད་ཁང་དུ་འཛིན་བཟུང་བྱེད་པར་སོང་ཡང་། ཅ་ཞི་ཡས་འཛིན་བཟུང་ལས་གཡོལ་ཆེད་རང་ཉིད་ཀྱིས་མགོ་ལ་གཏད་དེ་མེ་མདའ་བརྒྱབ་པ་རེད། 
     དེ་དང་དུས་མཉམ་དུ། ཅ་ཞི་ཡའི་སྲིད་སྐྱོང་བའི་རིང་ལ་ཙུང་ཐུང་གཞུང་ལས་ཁང་གི་དྲུང་ཡིག་ཆེན་མོ་ལུའུ་དབྱི་སི་ན་ཝ་དང་། ཕེ་རུའི་རྡོ་སྣུམ་ཀུང་སིའི་སྤྱི་འདོམས་པ་གཞོན་པ་ཟུར་པ་མེ་ཀེར་ཨ་ཐཱ་ལ་སོགས་གྱོད་འབྲེལ་མི་སྣ་དག་ཀྱང་འཛིན་བཟུང་བྱས་པ་རེད། 
     ཕེ་རུའི་གཞུང་གི་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཅ་ཞི་ཡའི་རྨས་སྐྱོན་ཧ་ཅང་ཚབས་ཆེ་ཞིང་། མིག་སྔར་སྨན་ཁང་དུ་གཤག་བཅོས་བྱེད་བཞིན་ཡོད་པ་རེད། 
     ད་ལོར་ཅ་ཞི་ཡ་ནི་ལོ་69ཟིན་ཞིང་། དེ་སྔོན་སྐབས་གཉིས་རིང་ཕེ་རུའི་ཙུང་ཐུང་གི་འགན་འཁུར་མྱོང་བ་སྟེ། 1985ནས་1990ལོའི་བར་དང་། 2006ནས་2011ལོའི་བར་རེད། 2014ལོ་ནས་བཟུང་པ་ཞིའི་ཁྲིམས་འཛིན་ལས་རིགས་ཀྱིས་རུལ་སུངས་ལ་རྒོལ་བའི་བརྟག་དཔྱད་དེ་“རླངས་འཁོར་འཁྲུད་པའི་བྱེད་སྒོ”སྤེལ་ནས། པ་ཞིའི་ཨར་ལས་ཚོང་པས་སྲིད་གཞུང་གི་ལས་གཞིའི་གན་རྒྱ་ཐོབ་པའི་ཆེད་དུ་པ་ཞི་དང་མེ་གླིང་ལྷོ་མའི་རྒྱལ་ཁབ་གཞན་དག་གི་སྲིད་འཛིན་མི་སྣ་ལ་ལྐོག་རྔན་སྤྲད་པའི་ཞབས་འདྲེན་གྱི་གནས་ཚུལ་ཀུན་གྱི་མིག་ལམ་དུ་ཐོན་པ་རེད། 
     ཕེ་རུའི་ཞིབ་དཔྱོད་ཕྱོགས་ཀྱིས། ཅ་ཞི་ཡས་ཙུང་ཐུང་འགན་ཐེངས་གཉིས་པ་འཁུར་བའི་རིང་དུ་པ་ཞིའི་ཨོ་ཏེ་པུའུ་ལེ་ཞི་ཐེ་ཀུང་སིའི་ལྐོག་རྔན་བླངས་ནས། དེར་ལི་མ་ལྕགས་ལམ་གྱི་ལས་གཞིའི་གན་རྒྱ་ཐོབ་པར་རོགས་རམ་བྱས་ཡོད་པར་ངོས་འཛིན་བྱས། གཞན་ཡང་། ཞིབ་དཔྱོད་ཁང་གིས་ད་དུང་ཅ་ཞི་ཡས་པ་ཞིའི་ཚོགས་འདུ་ཞིག་ལ་ཞུགས་རིན་ཨ་སྒོར་ཁྲི་10བླངས་ཡོད་པ་སྐྱོན་འདོན་ཞུ་གཏུག་བྱས་པ་སྟེ། དེའང་ཨོ་ཏེ་པུའུ་ལེ་ཞི་ཐེ་ཀུང་སིའི་མིང་ཐོག་གི་“ལྐོག་རྔན”ཐེབས་རྩ་ཞིག་ཡིན་པའི་དོགས་པ་ཡོད་ཟེར། 
     2018ལོའི་ཟླ་11ཚེས་17ཉིན། ཕེ་རུའི་ཆེས་མཐོའི་ཁྲིམས་ཁང་གིས་ཟླ་18རིང་དུ་ཅ་ཞི་ཡ་མངའ་ཁོངས་ཕྱི་ལ་འགྲོ་མི་ཆོག་པར་ཁྲིམས་བཅད་པ་རེད།