འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་19ཉིན།

༄༅།།“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་
མངོན་འགྱུར་ལ་ཕན་ཐོགས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་18ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁེ་རོ་ནས་ཟླ་4ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཨེ་ཅིབ་ཀྱི་ཙུང་ལི་ཟུར་པ་ཨེ་སཱ་མུ་ཞེ་ལཱ་ཧྥུ་ཡིས་ཉིན་ཤས་གོང་ཁེ་རོ་རུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་ཞུ་སྐབས། ཀྲུང་གོས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་འཁེལ་བྱས་པའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་17ཧ་ཅང་མཐུན་པས། “རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་འཕེལ་རྒྱས་གཏིང་ཟབ་ཕྱིན་ཚེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ལ་ཕན་ཐོགས་ཡོད་ཅེས་བརྗོད།
     2015ལོའི་ཟླ་དགུ་པར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་མིའི་རྒྱལ་ཁབ་193དབུལ་ཕོངས་མེད་པ་དང་། བཀྲེས་ལྟོགས་མེད་པ། བདེ་ཐང་ཡིན་པ། བདེ་རྩ་སོགས་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་17ལྟེ་བར་བྱས་པའི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ལ་གྲོས་མཐུན་བྱུང་ཞིང་། དེའི་དམིགས་ཡུལ་ནི་དབུལ་ཕོངས་དང་བཀྲེས་ལྟོགས་སེལ་རྒྱུ་དང་། ཕོ་མོ་འདྲ་མཉམ་ལ་སྐུལ་འདེད་གཏོང་བ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། རྒྱུན་མཐུད་འཕེལ་རྒྱས་ཀྱི་གོ་ལ་ཧྲིལ་པོའི་རོགས་ཟླའི་འབྲེལ་བར་ཤུགས་སྣོན་རྒྱག་པ་བཅས་རེད།
     ཞེ་ལཱ་ཧྥུ་ཡིས། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་ནང་སྲིད་ཇུས་སྦྲེལ་མཐུད་དང་། སྒྲིག་བཀོད་མཉམ་འབྲེལ། ཚོང་དོན་ཤར་གཏོང་། མ་དངུལ་རྒྱུན་འཁོར། དམངས་སེམས་གཅིག་སྒྲིལ་སོགས་ཁྱབ་ཁོངས་ཆེན་པོ་ཚུད་ཡོད། ཁྱབ་ཁོངས་འདི་དག་མཉམ་འབྲེལ་རྒྱལ་ཚོགས་རྒྱུན་མཐུད་འཕེལ་རྒྱས་དམིགས་ཚད་ཀྱི་འབྲེལ་ཡོད་ཁྱབ་ཁོངས་དང་ཧ་ཅང་མཐུན་ཞིང་། ཚང་མ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དོན་གཉེར་དང་། མི་རྣམས་ལ་སྔར་བས་མཛེས་སྡུག་ལྡན་པ་དང་སྔར་བས་རྒྱུན་མཐུད་ཆོག་པའི་འབྱུང་འགྱུར་གཏོད་དགོས་པའི་ནན་བཤད་བྱེད་པ་ཡིན་ཏེ། འདི་དག་ནི་མཉམ་འབྲེལ་རྒྱལ་ཚོགས་རྒྱུན་མཐུད་འཕེལ་རྒྱས་དམིགས་ཚད་ཀྱི་བརྗོད་དོན་གཙོ་ཆེ་ཤོས་རེད་ཅེས་བརྗོད།
      ཁོང་གིས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་ཁབ་དབར་གྱི་མཉམ་ལས་ལམ་སྲོལ་འོས་འཚམ་བཏོན་ནས་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱས་མེད། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ནི་དམིགས་ཚད་འདི་དག་གི་མངོན་འགྱུར་ལ་སྐུལ་འདེད་གཏོང་བའི་ཆེས་དངོས་སྒྲུབ་ཀྱི་བྱེད་སྟངས་ཤིག་ཡིན་པའི་ངོས་འཛིན་བྱས་པ་རེད།
     ཁོང་གིས་དེ་དང་ཆབས་ཅིག “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ལ་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་གོས་ལོ་40སྤྱད་དེ་དབུལ་ཕོངས་ཉམས་ཞན་གྱི་རྒྱལ་ཁབ་ཅིག་འཛམ་གླིང་གི་དཔལ་འབྱོར་སྒྲིག་གཞི་ཆེ་གྲས་གཉིས་པར་འཛུགས་སྐྲུན་བྱས་པ་རེད། “རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་བརྒྱུད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གིས་ཀྲུང་གོའི་འཕེལ་རྒྱས་ཉམས་མྱོང་དཔྱད་གཞིར་འཛིན་ཆོག་པ་མ་ཟད། ད་དུང་རོགས་ཤུགས་ཆེན་པོ་ཐོབ་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་སྐུལ་འདེད་ཀྱང་གཏོང་ཆོག་ཅེས་བསྟན་པ་རེད།