འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་19ཉིན།

༄༅།།2019ལོའི་མཐོ་རྒྱུགས་ནང་ཕྱོགས་རྐྱང་པའི་བློ་འཛིན་རང་བཞིན་གྱི་ཤེས་བྱ་ཉུང་དུ་གཏོང་རྒྱུ་ཡིན་པ། 

ཡིག་རྒྱུགས་སྐར་གྲངས་ལ་གཞིགས་ཏེ་སྟབས་བདེའི་ངང་སློབ་མར་གདེང་འཇོག་བྱེད་ཐབས་ལ་འགྱུར་ལྡོག་གཏོང་རྒྱུ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་18ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་16ཉིན་གློག་འཕྲིན་འབྱོར་གསལ། སློབ་གསོ་པུས་ཉིན་ཤས་གོང་བཀྲམ་པའི《2019ལོའི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》ལྟར་ན། 2019ལོའི་མཐོ་རྒྱུགས་ཀྱི་འདྲི་གཞིར་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་རྒྱུའི་བླང་བྱ་ངེས་པར་དུ་གསལ་པོ་མངོན་པ་བྱེད་པ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱ་རྒྱུ་སྟོན་ཕྱོགས་སུ་འཛིན་པ། ཕྱོགས་རྐྱང་པའི་བློ་འཛིན་རང་བཞིན་གྱི་ཤེས་བྱ་ཉུང་དུ་གཏོང་བ། སློབ་མའི་འགག་རྩའི་འཇོན་ཐང་དང་ལྟེ་བའི་བྱང་ཚད་སློབ་ཁྲིད་དང་ཡིག་རྒྱུགས་ཁྲོད་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མཐོ་འབྲིང་གི་མི་སྣ་གསོ་སྐྱོང་བྱ་ཐབས་སྒྱུར་བཅོས་ལ་རམ་འདེགས་བྱ་རྒྱུ་ཡིན་པ་རེད།
     དེ་དུང་དུས་མཚུངས། མཐོ་རྒྱུགས་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། ཧྲང་ཧའེ་གྲོང་ཁྱེར་དང་ཀྲི་ཅང་ཞིང་ཆེན་གྱིས་སློབ་བསྡུར་བརྟེན་ནས་རྒྱུགས་ལེན་ལ་སྐུལ་འདེད་དང་། ཡིག་རྒྱུགས་ལ་བརྟེན་ནས་སློབ་གསོར་སྐུལ་འདེད། སློབ་གསོར་བརྟེན་ནས་སློབ་ཁྲིད་ལ་སྐུལ་འདེད་བཅས་སྒྱུར་བཅོས་བྱེད་སྟངས་ཐད་ཀྱི་དཔེ་སྟོན་བྱ་ཐབས་ཁྱབ་སྤེལ་ཧུར་ཐག་གཏོང་དགོས་པ་དང་། སྒྱུར་བཅོས་ཀྱི་བརྒྱུད་རིམ་ཁྲོད་ཐོན་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པ་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་བྱེད་པ། པེ་ཅིང་གྲོང་ཁྱེར་དང་། ཐེན་ཅིན་གྲོང་ཁྱེར། ཧྲན་ཏུང་ཞིང་ཆེན། ཧའེ་ནན་ཞིང་ཆེན་བཅས་ཀྱིས་སྒྱུར་བཅོས་མཉམ་ལས་ལ་ཤུགས་སྣོན་དང་། ཚོད་ལྟའི་ཉམས་མྱོང་དཔྱད་གཞིར་གང་ལེགས་འཛིན་པ། ཞིབ་ཕྲའི་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་སྒྱུར་བཅོས་ལ་སྐུལ་འདེད་བརྟན་པོ་གཏོང་རྒྱུའི་འགན་ལེན་བྱེད་དགོས།
     《བརྡ་ཐོ》ལྟར་ན། འབྲེལ་ཡོད་མཐོ་སློབ་ཀྱིས་འོས་སྐྱེལ་སློབ་མ་དང་། རང་བརྟེན་སློབ་བསྡུ། ཕྱོགས་བསྡུས་ཚོད་སྐོར་དང་སློབ་བསྡུའི་ཚོད་ལྟ། ཆུ་ཚད་མཐོ་བའི་སྒྱུ་རྩལ་ཚོགས་པ། ཆུ་ཚད་མཐོ་བའི་ལུས་རྩལ་རུ་ཁག སྒྱུ་རྩལ་དང་ལུས་རྩལ་རིགས་ཀྱི་ཆེད་ལས། ལུས་རྩལ་སྦྱོང་བརྡར་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ། མཐོ་རིམ་ལས་རིགས་སློབ་གྲྭའི་རིགས་དབྱེ་སློབ་བསྡུ་སོགས་ཀྱི་ཁྲོད་ཕྱོགས་བསྡུས་བྱང་ཚད་ཀྱི་ཡིག་ཚགས་སྤྱོད་པ་དང་། སློབ་མའི་ཕྱོགས་བསྡུས་བྱང་ཚད་ཀྱི་གདེང་འཇོག་གནས་ཚུལ་ལ་བརྟག་ཞིབ་ཚོད་སྐོར་བྱ་རྒྱུར་ཤུགས་སྣོན་རྒྱག་པ། སློབ་མའི་ཕྱོགས་བསྡུས་བྱང་ཚད་ཀྱི་གདེང་འཇོག་སློབ་བསྡུའི་གཞི་འཛིན་ས་གཙོ་བོར་བརྩི་བ་བཅས་བྱས་ནས་ཡིག་རྒྱུགས་སྐར་གྲངས་ལ་བརྟེན་ནས་སློབ་མར་སྟབས་བདེའི་ངང་གདེང་འཇོག་བྱེད་ཐབས་ལ་འགྱུར་ལྡོག་གཏོང་དགོས་པ་དང་། དེ་དང་དུས་མཚུངས། མཐོ་སློབ་ཀྱིས་སྒྲིག་འཛུགས་བྱས་པའི་དཔྱད་ཞིབ་ཁྲོད་ལུས་རྩལ་གྱི་ཚོད་ལྟའི་ཡིག་རྒྱུགས་གཏོང་རྒྱུ་འཚོལ་ཞིབ་བྱེད་དགོས། འབྲེལ་ཡོད་མཐོ་སློབ་ཀྱིས་འོས་སྐྱེལ་སློབ་མ་དང་། རང་བརྟེན་སློབ་བསྡུ། མཐོ་རིམ་ལས་རིགས་སློབ་གྲྭའི་རིགས་དབྱེའི་རྒྱུགས་ལེན་སློབ་བསྡུ་སོགས་ཀྱི་སློབ་གྲྭའི་དཔྱད་ཞིབ་ཁྲོད་ལུས་རྩལ་ཚོད་ལྟའི་ཡིག་རྒྱུགས་གཏོང་བ་དང་། མཐོ་སློབ་ཀྱིས་ཚོད་ལྟའི་རྣམ་གྲངས་གཏན་འཁེལ་བྱས་ཏེ་ཚོད་ལྟའི་སྦྱངས་འབྲས་སློབ་བསྡུའི་གཞི་འཛིན་ས་གཙོ་བོར་བརྩི་བ་བཅས་བྱས་ནས་རྒྱུགས་སྤྲོད་སློབ་མས་ལུས་རྩལ་ལུས་སྦྱོང་ལ་དེ་བས་མཐོང་ཆེན་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས།
     《བརྡ་ཐོ》ལྟར་ན། སློབ་བསྡུའི་འཆར་གཞི་དོ་དམ་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། ས་ཁུལ་ཁག་དང་སློབ་གྲྭ་ཁག་གིས་སློབ་གསོ་པུའུ་ཡིས་ཞིབ་དཔྱད་བྱས་པའི་དངོས་གཞིའི་ཚན་ཁག་གི་སློབ་བསྡུའི་འཆར་གཞི་དང་གྲབས་ཐོ་བཀོད་པའི་མཐོ་རིམ་ལས་རིགས(ཆེད་ཚན)ཀྱི་སློབ་བསྡུའི་འཆར་གཞི་ལག་བསྟར་ནན་པོ་བྱེད་པ་དང་། ཞིང་ཆེན་དབར་གྱི་འབྲེལ་མཐུད་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། ལུགས་མཐུན་ངང་ཞིང་ཆེན་ཁག་དབྱེའི་སློབ་བསྡུའི་འཆར་གཞི་གཏན་འཁེལ་བཅས་བྱས་ནས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། “རྒྱལ་ཁབ་ཀྱིས་དབུས་ནུབ་རྒྱུད་ཀྱི་ས་ཁུལ་གྱི་སློབ་བསྡུ་མཉམ་སྒྲུབ་ལ་རོགས་སྐྱོར་བྱ་རྒྱུའི་འཆར་འགོད”མུ་མཐུད་ལག་ལེན་བསྟར་རྒྱུ་རེད། ཀྲུང་དབྱང་སྡེ་ཚན་གྱི་ཁོངས་གཏོགས་མཐོ་སློབ་ཀྱིས་རྒྱལ་ཁབ་ཀྱི་སྲིད་ཇུས་སྟོན་ཕྱོགས་ལ་གཞིགས་ནས་གཏོགས་ཁོངས་ཀྱི་སློབ་བསྡུའི་འཆར་གཞིའི་བསྡུར་གྲངས་ལ་ཚོད་འཛིན་ནན་པོ་བྱས་ཏེ་གཙོ་གནད་མཐོ་སློབ་ཏུ་སློབ་མ་བསྡུ་བའི་བསྡུར་གྲངས་བལྟོས་བཅས་ཉུང་བའི་ཞིང་ཆེན་ལ་མུ་མཐུད་ཕྱོགས་དགོས།
     《2019ལོའི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་ལས་དོན་གྱི་གཏན་འབེབས》ལྟར་ན། རྒྱལ་ཡོངས་ཀྱི་གཅིག་གྱུར་རྒྱུགས་ལེན་དུས་ཚོད་ནི་ཟླ་6ཚེས་7ཉིན་ཡིན་པ་དང་། ཞིབ་ཕྲའི་ཚན་ཁག་གི་རྒྱུགས་སྤྲོད་དུས་ཚོད་ནི། ཟླ་6ཚེས་7ཉིན་གྱི་ཆུ་ཚོད་9:00ནས་ཆུ་ཚོད་11:30བར་རྒྱ་ཡིག་དང་། ཆུ་ཚོད་15:00ནས་ཆུ་ཚོད་17:00བར་ཨང་རྩིས། ཟླ་6ཚེས་8ཉིན་གྱི་ཆུ་ཚོད་9:00ནས་ཆུ་ཚོད་11:30བར་རིག་གནས་ཚན་ཁག་གི་ཕྱོགས་བསྡུས་ཤེས་བྱ་དང་རང་བྱུང་ཚན་རིག་ཚན་ཁག་གི་ཕྱོགས་བསྡུས་ཤེས་བྱ། ཆུ་ཚོད་15:00ནས་ཆུ་ཚོད་17:00བར་དབྱིན་ཡིག་བཅས་ཡིན་པ་དང་། དབྱིན་སྐད་ཉན་པའི་ཡིག་རྒྱུགས་ཀྱི་ནང་དོན་དེ་དབྱིན་ཡིག་ཡིག་རྒྱུགས་འགོ་མ་ཚུགས་གོང་བཀོད་སྒྲིག་བྱེད་དགོས་ཀྱི་ཡོད།