འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་11ཉིན།

༄༅།།ས་མཐོའི“ས་གྲོལ”ཐོན་ལས་གླིང་ལས་བོད་རིགས་མང་ཚོགས་ལ་ཕན་པ་ཐོབ་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་11ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་བྲག་འགོ་རྫོང་སིབ་མོ་གྲོང་རྡལ་གྱི་ལུང་གཞུང་དུ“ས་གྲོལ་རིག་ནུས་སྔོ་ཚལ་དྲོད་ཁང་ཆེ་མོ”241གྲལ་སྟར་འགྲིག་པོས་བརྒྱབ་ཡོད། དཔྱིད་ཟླ་ཐ་མར་དྲོད་ཁང་ནང་ནས་སྔོ་ཚལ་དང་ཤིང་ཏོག་འཐུ་ཆོག་པ་དང་། ལས་བཟོ་རྣམས་དྲོད་ཁང་སྟར་པ་ཁག་ནང་ལས་ལ་བྲེལ་བཞིན་འདུག ཁོང་ཚོའི་ཁྲོད་ཀྱི་མི་མི་ཉུང་བ་ཞིག་ནི་ལོ་གཉིས་གོང་ད་དུང་རུ་བ་སྐྱས་སྤོས་ཀྱི་འཚོ་བ་སྐྱེལ་བཞིན་པའི་འབྲོག་པ་དབུལ་པོ་ཡིན་པ་རེད།
      “ས་གྲོལ”ཐོན་ལས་གླིང་ནི་ཁྲེང་ཏུའུ་གྲོང་ཁྱེར་ཅིང་ཅང་ཆུས་ཀྱིས་བྲག་འགོ་རྫོང་ལ་ཁ་གཏད་རོགས་སྐྱོར་བྱས་པའི་རྣམ་གྲངས་ཤིག་ཡིན་པ་མ་ཟད། ཧྲན་ཏུང་ཧྲའུ་ཀོང་གྲོང་ཁྱེར་གྱི་སྔོ་ཚལ་འདེབས་འཛུགས་ཁེ་ལས་ཤིག་གདན་དྲངས་ནས་གཉེར་སྐྱོང་བྱེད་དུ་བཅུག་ཡོད། ཁྲེང་ཏུའུ་གྲོང་ཁྱེར་ཅིང་ཅང་ཆུས་བོད་སྐྱོར་གཞུང་ལས་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཞྭ་ཡུང་གིས་དཀར་མཛེས་ཀྲོའུ་བྲག་འགོ་རྫོང་དུ་ད་ཆ་གྲོང་ཚོ་དབུལ་པོ་16ཡོད་པ་དང་། མང་ཆེ་བར་གནས་ཡུལ་དང་ས་བབ་ཀྱི་ཤུགས་རྐྱེན་ཕོག་པ་མ་ཟད། ཐོན་ཁུངས་དཀོན་པ་དང་ཁྱབ་ཚུལ་དོ་སྙོམས་མེད་པ་དང་ཁོར་ཡུག་ཞན་པའི་དབང་གིས་གྲོང་ཚོའི་མཉམ་སྡེབ་ཐོན་ལས་དང་ཁྱིམ་ཚང་གི་ཁྱད་ལྡན་དཔལ་འབྱོར་འཕེལ་རྒྱས་གཏོང་དཀའ་བ་དང་གྲོང་ཚོ་དབུལ་པོ་ཁག་གཅིག་ལོ་འཁོར་མོར་ས་བབ་མཐོ་པོར་འཚོ་བ་སྐྱེལ་བས་ལོ་ཏོག་སྐྱེ་ཐབས་བྲལ་ཡོད།
     ཁྲེང་ཏུའུ་གྲོང་ཁྱེར་ཅིང་ཅང་ཆུས་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ལི་ཀྲང་གིས་བྲག་འགོ་རྫོང་གི་ཐོན་ཁུངས་ཆ་རྐྱེན་ཡག་པའི་ས་ཆར་སྔོ་ཚལ་དྲོད་ཁང་ཆེ་མོ་གཅིག་སྡུད་ཐོག་བརྒྱབ་ནས་ཁེ་བཟང་ས་ཆ་ཁག་ཏུ་ཡོད་པའི་གྲོང་ཚོ་དབུལ་པོར་བགོ་བཤའ་བརྒྱབ་པས་ཕན་འབྲས་མཉམ་སྤྱོད་ཐུབ་ཡོད། “ས་གྲོལ”ཐོན་ལས་གླིང་དེ་རིགས་བཏོད་པས། ས་ཁུལ་དབུལ་པོའི་ཐོན་ཁུངས་དམིགས་བསལ་ཆེ་ཡང་དོ་སྙོམས་མེད་པའི་གནད་དོན་ཐག་གཅོད་ཐུབ་པ་དང་དེང་རབས་ཅན་གྱི་ཁེ་ལས་ཀྱི་དོ་དམ་བྱེད་སྟངས་ཀྱིས་ཀྱང་བོད་རིགས་མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་འགྱུར་ལྡོག་ཡོང་བར་ཕན་ཐོགས་ཡོད་ཅེས་ངོ་སྤྲོད་བྱས།
     རྒྱས་བཟང་གྲོང་ཚོའི་བོད་རིགས་གྲོང་མི་ཙེང་ཤིང་རུང་གིས་ངའི་ཁྱིམ་སྔོན་མ་དབུལ་པོ་རེད། ཐིགས་པ་བརྒྱབ་ཀྱང་རྫ་ལེབ་ཉོ་བའི་དངུལ་མེད། ད་ཆ་ང་དང་བཟའ་ཟླ་གཉིས་ཀ་ཐོན་ལས་གླིང་དུ་ལས་ཀར་འགྲོ་ཡི་ཡོད། ལོ་ལྟར་ཡོང་འབབ་སྒོར་ཁྲི་བདུན་བརྒྱད་ཙམ་འདུག 2018ལོར་དབུལ་སྒྲོལ་བྱུང་ནས་ཁང་པའང་ཉམས་གསོ་བྱས་པ་ཡིན། ལྷག་པར་དུ་ངས་ཀྲོ་མ་ཀྲུ་འདེབས་སྟངས་ཤེས་པར་ཧ་ཅང་དགའ་པོ་བྱུང་། ད་དུང་ལག་རྩལ་དེ་བས་མང་བ་སྦྱོང་འདོད་འདུག་ཅེས་བཤད།
     “ས་གྲོལ”ལ་དོ་དམ་བྱེད་མཁན་གླིང་ཁུལ་ཁེ་ལས་ཀྱི་འགན་ཁུར་བས། 2018ལོར“ས་གྲོལ”དྲོད་ཁང་ཆེ་མོས་ཡུལ་དེར་འགྲོ་སོང་གཏོང་བའི་བསྡོམས་འབོར་སྒོར་ཁྲི་1100ཟིན་ནའང་ཀུང་སིར་སྔར་བཞིན་ཁེ་བཟང་ཁྲི་60ཡོད་ཅེས་བཤད་པ་དང་ཁོང་གིས་ཐབས་ཤེས་དེས་རང་ཉིད་ཀྱི་བོད་སྐྱོར་ཕུགས་འདུན་མངོན་འགྱུར་བྱུང་ལ། ཀུང་སིར་ཡང་ཁེ་བཟང་ཆུང་ངུ་རག་ཡོད། ལྷག་པར་དུ་ཡུལ་དེའི་གྲོང་མི་ཕྱིར་གླ་པར་འགྲོ་མི་དགོས་པར་རང་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་ཐུབ་པ་དང་ད་དུང་སྔོན་ཐོན་གྱི་འདེབས་འཛུགས་ལག་རྩལ་ཤེས་ཡོད་ཅེས་བཤད།
     ཤེས་རྟོགས་བྱུང་བར་གཞིགས་ན། ན་ནིང་བྲག་འགོ་རྫོང་གི་གྲོང་ཚོ་དབུལ་པོ་88ཚང་མར་དྲོད་ཁང་ཆེ་མོ་གཉིས་ཡན་རག་པ་དང་། བསྡོམས་དྲོད་ཁང་ཆེ་མོ་ལས་ཁེ་བཟང་སྒོར་ཁྲི་600ལྷག་ཙམ་བྱུང་བ་མ་ཟད། ས་ཞིང་བརྒྱུད་བཤུག་བཏང་ནས་ལོར་ཡོང་འབབ་སྒོར་ཁྲི་115བྱུང་བ་དང་། མི་200ལྷག་ཙམ་ངལ་རྩོལ་ལས་ཞུགས་གཞན་སྒྱུར་ཐུབ་པ། ཡུལ་དེའི་དུད་ཚང་2389དང་མི་འབོར་དབུལ་པོ་9879འབབ་འཕར་ཡོང་བར་སྐུལ་ཁྲིད་ཐུབ་པ། 2019ལོའི་གོང་རྫོང་དེའི་གྲོང་ཚོ་དབུལ་པོ་72“དབུལ་སྒྲོལ་ཞྭ་ཕུད”བྱེད་པར་རོགས་རམ་ཐུབ་ཡོད།
     ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་4ཚེས་9ཉིན་འབྱོར་བའི་གློག་འཕྲིན།