འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་22ཉིན།

༄༅།།ཀྲུང་གོ་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”སྐྲུན་འདོད་ཡོད།

 —— མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱི་ལག་བསྟར་ཀྲུའུ་རེན་ཧེང་ལི་ཨེ་ཐ·ཧྥུར་ལ་བཅར་འདྲི་ཞུས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་22ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      “‘རྒྱུད་གཅིག་ལམ་གཅིག’གི་གྲོས་འགོ་ལག་ལེན་བསྟར་རིང་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱིས་ཀྲུང་གོའི་མཉམ་ལས་རོགས་ཟླ་བཟང་པོར་འགྱུར་རེ་བྱེད་པ་དང་སྦྲགས། ཀྲུང་གོ་དང་མཉམ་དུ་སྐྱོད་འདོད་ཡོད”ཅེས་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱི་ལག་བསྟར་ཀྲུའུ་རེན་ཧེང་ལི་ཨེ་ཐ·ཧྥུར་གྱིས་ཉིན་ཤས་གོང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད།
      ཧྥུར་གྱིས། ཀྲུང་གོའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་སྲིང་འཕེལ་རྒྱས་ཀྱི་གྲོས་རིམ་ལ་སྐུལ་འདེད་གཏོང་ཆས་དང་ལས་སྟེགས་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་བྱེད་པ་དང་། བྱིས་པའི་ཐེབས་རྩ་ལྷན་ཚོགས་ལ་རྒྱལ་ཁབ་དང་ས་ཁུལ་190ལྷག་ཙམ་དུ་དོན་གཅོད་སྒྲིག་གཞི་ཡོད།
     ཧྥུར་གྱིས་གསལ་བཤད་བྱས་དོན། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ལག་ལེན་བསྟར་རིང་ལམ་རྒྱུད་རྒྱལ་ཁབ་ཀྱིས་རྨང་གཞིའི་སྒྲིག་བཀོད་ལ་མ་རྩ་འཇོག་རྒྱུར་མཐོང་ཆེན་བྱས་ལ་སྐབས་རེ་སློབ་གྲྭ་དང་སྨན་ཁང་དེ་བཞིན་ཁྱིམ་ཚང་ངམ་སྡེ་ཁུལ་ནས་ཁ་འཐོར་བའི་བྱིས་པར་འགན་ལེན་ཞབས་ཞུ་མཁོ་འདོན་བྱ་རྒྱུའི་ཐད་མ་རྩ་གཏོང་རྒྱུར་སྣང་ཆུང་བྱེད་ཀྱི་ཡོད་པས། བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱིས་དེའི་ཐད་ཀྲུང་གོ་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་རེ་འདོད་དེ་བྱིས་པར་ལྡན་པའི་ཐུན་མོང་གི་རེ་འདོད་ཅིག་ཀྱང་ཡིན་པས། ང་ཚོས་ལག་གདང་སྦྲེལ་ནས་ཐུན་མོང་ཐོག་རེ་འདོད་དེ་དོན་དངོས་སུ་འགྱུར་བར་བྱེད་ཀྱི་ཡིན་ཞེས་བརྗོད།
     ཁོང་གིས“‘རྒྱུད་གཅིག་ལམ་གཅིག’གི་གྲོས་འགོས་ང་ཚོར་དམིགས་ཚད་དེ་འགྲུབ་པར་སྔར་འཕྲད་མྱོང་མེད་པའི་གོ་སྐབས་མཁོ་འདོན་བྱས་ཡོད་པ་མ་ཟད། བྱིས་པའི་འཚོ་གནས་དང་། འཚོ་བཅུད། འཕེལ་རྒྱས། སྲུང་སྐྱོབ་སོགས་ཁྱབ་ཁོངས་མང་པོའི་ལས་ཀའི་གྲུབ་འབྲས་དང་ལྷག་པར་དུ་བྱིས་པ་དབུལ་པོ་སེལ་བའི་ཐད་སྔར་བས་རྒྱ་ཆེར་བཏང་ཡོད། བྱིས་པའི་ཐེབས་རྩ་ལྷན་ཚོགས་ལ་རྣམ་གྲངས་འཆར་འགོད་དང་ལག་བསྟར་ཐད་ཀྱི་ཆེད་ལས་ཀྱི་ཉམས་མྱོང་ལྡན་ཡོད་ལ། དེ་བཞིན་ཆ་ཚང་བའི་རྣམ་གྲངས་མ་དངུལ་ལྟ་ཞིབ་ཚད་ལེན་གྱི་དཔྱད་དཔོག་མ་ལག་ལ་བརྟེན་ནས་ང་ཚོས་ཀྲུང་གོར་འབྲེལ་ཡོད་ཀྱི་རྒྱབ་སྐྱོར་བྱེད་འདོད་ཡོད”ཅེས་བརྗོད།
     ཧྥུར་གྱིས་བརྗོད་དོན། བྱིས་པའི་ཐེབས་རྩ་ལྷན་ཚོགས་དང་ཀྲུང་གོའི་དབར་གྱི་མཉམ་ལས་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། འདས་པའི་ལོ་བཞི་བཅུའི་རིང་ང་ཚོས་ཀྲུང་གོའི་ས་གནས་མང་པོ་དང་རྣམ་གྲངས་མང་པོར་མཉམ་ལས་དམ་ཟབ་བྱེད་བཞིན་ཡོད།
     2010ལོའི་ཟླ་5པར་ཀྲུང་གོའི་དམངས་སྲིད་པུའུ་དང་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས། དེ་བཞིན་པེ་ཅིང་དགེ་འོས་སློབ་ཆེན་གྱི་ཀྲུང་གོའི་སྤྱི་ཕན་ཞིབ་འཇུག་ཁང་སོགས་རིག་གཞུང་སྒྲིག་གཞིས་ཀྲུང་གོའི་བྱིས་པའི་ཕན་བདེའི་དཔེ་སྟོན་རྣམ་གྲངས་གཉེར་འགོ་བཙུགས་ཏེ། དབུས་ནུབ་རྒྱུད་ཀྱི་ཞིང་ཆེན་ལྔའི་གྲོང་ཚོ་120ལ“བྱིས་པའི་ཕན་བདེའི་ཀྲུའུ་རེན”གྱི་ལས་གནས་བཙུགས་ནས་ཁྱོན་ཡོངས་ནས་གཞི་རིམ་གྱི་བྱིས་པའི་འཚོ་གནས་འཕེལ་རྒྱས་དང་སྲུང་སྐྱོབ་ཐོབ་ཚུལ་ཤེས་རྟོགས་བྱ་རྒྱུའི་འགན་འཁུར་བ་དང་སྦྲགས། ཁོང་ཚོར་གཞི་རྩའི་སྤྱི་ཚོགས་ཕན་བདེའི་ཞབས་ཞུ་ཐོབ་རྒྱུར་རོགས་རམ་བྱས་པ་རེད།
     ཧྥུར་གྱིས། བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱིས་ཀྲུང་གོའི་རྒྱབ་སྐྱོར་དང་རོགས་རམ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོས་ཀྲུང་གོར་དེ་བས་ཆེ་བ་དང་དེ་བས་དངོས་ཡོད་རང་བཞིན་ལྡན་པའི་བྱ་ཐབས་ལ་བརྟེན་ནས་མཉམ་ལས་ཡུན་རིང་བྱེད་འདོད་ཡོད་ཅེས་བརྗོད།
     བཅར་འདྲི་དང་ལེན་བྱེད་རིང་འཛུམ་མདངས་སྟོན་བཞིན་པའི་ཧྥུར་གྱིས་ཡེ་མེན་དང་དེ་བཞིན་ཡམ་ཡོམ་ཆེ་བའི་རྒྱལ་ཁབ་གཞན་གྱི་བྱིས་པའི་དཀའ་སྡུག་སྐོར་གླེང་སྐབས་བཞིན་མདངས་དེ་མུར་སྒམ་ནན་དུ་གྱུར་ཅིང་། “གདོང་ཐུག་འཁྲུག་ཟིང་ཁྲོད་བྱིས་པ་ཚོ་ནི་གནོད་འཚེ་ཕོག་མཁན་དང་པོ་དེ་ཡིན་པས། བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱིས་འབད་བརྩོན་ཆེན་པོས་བྱིས་པ་དེ་དག་གི་བདེ་ཐང་ལ་སྲུང་སྐྱོང་བྱས་ནས། ཁོང་ཚོར་འཚོ་བཅུད་དང་སློབ་གསོའི་ཞབས་འདེགས་དང་དེ་བཞིན་དྭངས་གཙང་གི་ཆུ་མཁོ་འདོན་བྱེད་ཀྱི་ཡོད”ཅེས་བརྗོད།
     ཧྥུར་གྱིས་ཉེ་དུས་བྷང་ག་ལའི་ལྷོ་རྒྱུད་མཚོ་ངོགས་གྲོང་ཁྱེར་ཁོ་ཁེ་སི་པ་ཀྲར་གྱི་སྐྱབས་བཅོལ་བའི་སྒར་སར་འཚམས་འདྲིར་ཕྱིན་པ་དང་། ཁོང་གིས། དེ་གའི་བྱིས་པ་སྐྱབས་བཅོལ་བ་ཁྲི་15.5ལྷག་ཙམ་གྱིས་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱི་སློབ་སྦྱོང་ལྟེ་གནས་1800རུ་སློབ་སྦྱོང་བྱེད་བཞིན་ཡོད་མོད། འོན་ཀྱང་ཁོང་སྔར་བཞིན་བྱིས་པ་ཚོའི་འཚོ་བའི་ཁོར་ཡུག་ལ་སེམས་ཁྲལ་བྱུང་ཡོད་པས། ཁོང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐོན་ཁུངས་དེ་བས་མང་བ་སྐོང་འཐེན་གྱིས་ཕྲུ་གུ་ཚོར་རོགས་རམ་བྱ་རྒྱུའི་རེ་འབོད་བྱས་པ་རེད། “གལ་སྲིད་བྱིས་པ་དེ་དག་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རོགས་རམ་དང་རྒྱབ་སྐྱོར་མ་ཐོབ་ན་ཁོང་ཚོའི་ནང་སེམས་ཀྱི་རྨ་ཁ་ནམ་ཡང་སོས་ཐབས་བྲལ”ཞེས་ཧྥུར་གྱིས་བརྗོད།
     བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱི་ཚོད་དཔག་ལ་གཞིགས་ན། མིག་སྔར་གོ་ལ་ཧྲིལ་པོར་བྱིས་པ་ཁྲི་3400ལས་བརྒལ་བ་གདོང་ཐུག་ཟིང་འཁྲུག་གམ་གནོད་འཚེ་ཆེ་བའི་ཁོར་ཡུག་ཁྲོད་གནས་པས་ཁོང་ཚོར་སྲུང་སྐྱོབ་ནུས་ལྡན་བྱེད་ཐུབ་མེད། ཧྥུར་གྱིས་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱི་ལས་འགན་ལྕི་ལ་ལམ་ཐག་རིང་པོ་ཡོད་ཅེས་བརྗོད་པ་རེད།