འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་15ཉིན།

༄༅།།བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ཧྲི་ཀྲང་འཐུས་མི་སྒོར་སྒོར་གྱིས་གསུངས་དོན། དབུལ་སྒྲོལ་གྱི་གྲུང་འབྲས་
བརྟན་དུ་གཏོང་བར་ངེས་པར་དུ་སྤུས་འབོར་གཉིས་ཀར་འགན་ལེན་བྱེད་དགོས། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་15ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ◆ལྷ་ས་གྲོང་ཁྱེར་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་2000ལས་བརྒལ་བར་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་དུང་ཕྱུར་282ཟིན་པ། 
     ◆མིག་སྔར་ཡུལ་སྐོར་ལས་རིགས་ལ་ཞུགས་མཁན་ཞིང་འབྲོག་པ་མི་ཁྲི་8.9ལས་བརྒལ་བ། 
     ◆བོད་ཀྱི་ད་ཆའི་ལས་དུས་དང་ཡུལ་སྐོར་དུས་ཚིགས་ལྟར་ན་མི་རེར་ཟླ་རེར་ཡོང་འབབ་སྒོར་3000རག་གི་ཡོད་པ།
     ◆ལོ་ཧྲིལ་པོར་སྒོར་ཁྲི་3ལས་བརྒལ་བ།
     བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ཧྲི་ཀྲང་འཐུས་མི་སྒོར་སྒོར་གྱིས་2018ལོར་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཡོངས་དབུལ་སྒྲོལ་ཐུབ་ཡོད། དབུལ་ཞྭ་འཕུད་རིང་དབུལ་སྒྲོལ་དཀའ་ལ། དབུལ་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་གཏོང་བ་ནི་དེ་བས་དཀའ་ཚེགས་ཆེ་བས། གོམ་སྟབས་རྗེས་མར་ང་ཚོས་རོགས་སྐྱོར་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ་དང་། ཤུགས་ཚད་ཆུང་དུ་མི་གཏོང་བ། དབུལ་སྒྲོལ་བྱུང་བའི་མང་ཚོགས་དང་དབུལ་པོའི་མཐའ་ཚད་ལ་གནས་པའི་དུད་ཚང་གི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་དུས་ཐོག་ཏུ་སྟངས་འཛིན་བྱས་ཏེ་མི་འབོར་དབུལ་པོར་མ་དངུལ་གཏོང་བ་དང་ལས་ཞུགས་རོགས་སྐྱོར་ཆེ་རུ་གཏོང་གི་ཡིན་ཞེས་གསུངས་པ་རེད།
     དབུལ་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་གཏོང་བའི་འགག་རྩ་ནི་སྔར་བཞིན་ཐོན་ལས་དང་ལས་ཞུགས་ཡིན་པ་མ་ཟད། མི་སེར་ལ་ཡོང་འབབ་རྒྱུན་མཐུད་དང་བརྟན་པོ་ཡོང་བ་ཡང་དེར་རག་ལུས་ཡོད་པས། ཐོན་ལས་རྣམ་གྲངས་འདེམས་པ་དང་། ལག་བསྟར། དེ་བཞིན་ཐོན་ཟོག་ཕྱིར་ཚོང་ཐབས་ལམ་ཚང་མ་གནད་སྨིན་ཡོང་དགོས། བོད་ནི་ས་མཐོའི་ཞིང་འབྲོག་ཁུལ་ཡིན་པ་དང་ས་གཙང་ཆུ་གཙང་ཐོན་ལས་ལ་འཕེལ་རྒྱས་ཀྱི་མདུན་ལམ་ཆེན་པོ་ཡོད་པས། ངལ་རྩོལ་ནུས་ཤུགས་ལྷག་འཕྲོའི་སྣེ་ཁྲིད་དེ་འདེབས་འཛུགས་ལས་རིགས་དང་གསོ་སྤེལ་ལས་རིགས་ལ་ཤུགས་སྣོན་རྒྱག་དགོས། སྲིད་གཞུང་གིས་དམིགས་ཚད་ཚད་ལྡན་བཟོས་ནས་མི་སེར་དེར་ཞུགས་རྒྱུའི་སྣེ་འཁྲིད་པ་དང་། སྤུས་ཚད་འགན་ལེན་ཡག་པོ་བྱེད་པ། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་གཏོང་བཅས་བྱས་ཏེ་ཐོན་ལས་ཅན་དང་ལེགས་བསྡུས་ཞིབ་གཉེར་ཅན་གྱི་ལེགས་ཆ་གྲུབ་པར་བྱེད་དགོས།
     ལྷ་སའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་མྱུར་པོ་བྱུང་བ་དང་ལྷག་པར་དུ་དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི་སྲིད་ཇུས་ལག་ལེན་བསྟར་རྗེས། ཡུལ་སྐོར་བ་ཉུང་བའི་དུས་སུའང་ཡུལ་སྐོར་བ་མང་བ་དང་ཡུལ་སྐོར་བ་མང་བའི་དུས་དེ་བས་མང་བ་བྱུང་ཞིང་། ན་ནིང་ལྷ་ས་གྲོང་ཁྱེར་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་2000ལས་བརྒལ་བར་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་དུང་ཕྱུར་282ཟིན་ཏེ་ཡུལ་སྐོར་ལས་རིགས་ཀྱི་མདུན་ལམ་ཧ་ཅང་ཡག་པོ་ཡོད། མིག་སྔར་ཡུལ་སྐོར་ལས་རིགས་ལ་ཞུགས་མཁན་ཞིང་འབྲོག་པ་མི་ཁྲི་8.9ལས་བརྒལ་ཡོད་པ་དང་། བོད་ཀྱི་ད་ཆའི་ལས་དུས་དང་ཡུལ་སྐོར་དུས་ཚིགས་ལྟར་ན་མི་རེར་ཟླ་རེར་ཡོང་འབབ་སྒོར་3000རག་གི་ཡོད་ལ། ལོ་ཧྲིལ་པོར་སྒོར་ཁྲི་3ལས་བརྒལ་གྱི་ཡོད་པ་དེ་དབུལ་སྒྲོལ་ཚད་གཞི་ལས་ཧ་ཅང་མཐོ་བ་ཡོད་པས་མི་སེར་གྱི་འཚོ་བའི་སྤུས་ཚད་མཐོ་རུ་ཆེས་ཆེར་ཕྱིན་ཡོད།