འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་15ཉིན།

༄༅།།བེད་སྤྱོད་ནི་རྒྱུན་འཛིན་ཡག་ཤོས་དང་འཕེལ་རྒྱས་ཆེ་ཤོས་རེད། 

—— འཐུས་མི་ཚོས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་སྲུང་སྐྱོང་སྐོར་ཚ་ཚ་འུར་འུར་ངང་གླེང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་15ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། འདི་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་ལ་ཤུགས་སྣོན་རྒྱག་པ་དང་། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་ཀྱི་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་བཏོན་པ་ལས། ཀུའེ་ཀྲོའུ་ནས་སླེབས་པའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་མཁན་གྱི་འཐུས་མི་གསུམ་ལ་ལྕག་སྐུལ་ཆེན་པོ་ཐེབས་ཤིང་། མི་རིགས་རིག་གནས་རྒྱུན་འཛིན་བྱེད་པའི་ཡིད་ཆེས་ཀྱང་བརྟན་དུ་ཕྱིན་ཡོད་པ་རེད།
    “མངོན་མིན་རིག་གནས་ཤུལ་བཞག་གི་ངོས་ནས་བརྗོད་ན། བེད་སྤྱོད་བྱེད་པ་ནི་རྒྱུན་འཛིན་ཡག་ཤོས་དང་འཕེལ་རྒྱས་ཆེ་ཤོས་དེ་རེད”ཅེས་ཀུའེ་ཀྲོའུ་སུང་ཐའོ་ཡི་མིའོ་རིགས་འཚེམ་དྲུབ་རྒྱུན་འཛིན་པ་མི་རབས་བདུན་པ་འཐུས་མི་ཧྲེ་ལི་ཕིང་གིས་གསུངས།
    ཧྲེ་ལི་ཕིང་གིས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་ཐུབ་ཆེད། ང་ཚོའི་ཀུང་སིས་ཉེ་བའི་ལོ་ཤས་ནང་ཕུག་རོན་དང་དམངས་ཁྲོད་གཏམ་རྒྱུད་སོགས་འཚེམ་དྲུབ་བྱས་པའི་མེའོ་རིགས་ཀྱི་འཚེམ་དྲུབ་རིགས་ཆེ་གྲས་དྲུག་གི་ཐོན་རྫས་ཁག་220གསར་སྤེལ་བྱས་ཏེ་པེ་ཅིང་དང་ཧྲང་ཧའེ་སོགས་སུ་ཕྱིར་ཚོང་བྱས་པ་དང་། ཨ་རི་དང་། རི་པིན། མ་ལེ་ཞི་ཡ། སོ་ཏི་ཨ་རབ་སོགས་ཕྱིའི་རྒྱལ་ཁབ་67ལ་ཕྱིར་ཚོང་བྱས་པར་ལོ་གཅིག་ལ་ཐོན་རྫས་རིན་ཐང་སྒོར་ཁྲི་3000ལྷག་ཙམ་བྱུང་བ་དང་མི་3800ལས་ཞུགས་ཐུབ་ཡོད། མིག་མཐོང་ལག་ཟིན་གྱི་ཕན་འབྲས་དང་སྤྱོད་གོ་ཆོད་པའི་མངོན་མིན་རིག་གནས་ཤུལ་བཞག་གིས། གྲོང་མི་ཚོས་མེའོ་རིགས་ཀྱི་འཚེམ་དྲུབ་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པའི་ཧུར་སེམས་ཆེས་ཆེར་འཕེལ་ཡོད་ཅེས་གསུངས།
     ལོ་6ནས་བཟུང་ཨ་མའི་ས་ནས་མིའོ་རིགས་ཀྱི་འཚེམ་དྲུབ་སྦྱངས་པའི་མིའོ་རིགས་ཀྱི་འཚེམ་དྲུབ་རྒྱུན་འཛིན་པ་འཐུས་མི་ཝུའེ་ཙུའུ་དབྱིང་གིས་ལོ་འགའི་གོང་དུ། མིའོ་རིགས་ཀྱི་འཚེམ་དྲུབ་ཚོང་ཟོག་ཅན་དུ་མངོན་འགྱུར་ཐུབ་ཚད་དམའ་བས་ན་གཞོན་ཚོས་རང་ཁྱིམ་དུ་འཚེམ་དྲུབ་བྱས་ན་ཡོང་འབབ་མང་པོ་མེད་སྟབས་ཚང་མ་ཕྱིར་གླ་པར་སྐྱོད་ཀྱི་ཡོད། སྐབས་ཤིག་རིང་མིའོ་རིགས་ཀྱི་འཚེམ་དྲུབ་རྒྱག་མཁན་མེད་པ་དང་། རྒྱུན་གྱོན་མཁན་ཡང་མེད་པའི་གནས་སུ་གྱར་ཞེསགསུངས་པ་རེད། ཉེ་བའི་ལོ་ཤས་རིང་ཁོང་གིས་འཚེམ་དྲུབ་མཉམ་ལས་ཁང་བཙུགས་ཏེ་གྲོང་མི་ཚོའི་སྣེ་ཁྲིད་ནས་འཕེལ་རྒྱས་བཏང་བ་མ་ཟད། མིའོ་རིགས་ཀྱི་འཚེམ་དྲུབ་ཐོན་རྫས་ཟམ་མི་ཆད་པར་གསར་སྤེལ་བྱས་པ་དང་འཚེམ་དྲུབ་མ་200ལྷག་ཙམ་གྱིས་དེ“མཛུབ་རྩེའི་ལག་རྩལ”ནས“མཛུབ་རྩེའི་དཔལ་འབྱོར”ལ་བསྒྱུར་ནས་མངོན་མིན་རིག་གནས་ཤུལ་བཞག་ལ་སླར་ཡང་གསོན་ཤུགས་དང་སྐྱེ་སྟོབས་འཕེལ་བ་རེད།
     རྟ་རྔའི་འཚེམ་དྲུབ་ལ་མཁས་པའི་ཧྲུའེ་རིགས་ཀྱི་རྟ་རྔའི་འཚེམ་དྲུབ་ཀྱི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་འཐུས་མི་སྲུང་ཧྲུའེ་ཤན་གྱིས་ཉེ་བའི་ལོ་ཤས་ནང་ཁོང་གིས་རྟ་རྔའི་འཚེམ་དྲུབ་ཀྱི་ཐོན་རྫས་ཁྱེར་ནས་ཀོང་ཏུང་དང་། ཧྲང་ཧའེ། ཧང་ཀྲོའུ་སོགས་སུ་གཉེར་བའི་མངོན་མིན་རིག་གནས་ཤུལ་བཞག་དངོས་མང་སྟོན་ཚོགས་སུ་ཞུགས་པས། རྟ་རྔའི་འཚེམ་དྲུབ་བྲིན་ཁ་རྒྱུག་པོ་བྱུང་བ་དང་ཆབས་ཅིག ཀུང་སིས་ལོ་ལྟར་འཚེམ་དྲུབ་མ་མི་ཐེངས་500ཙམ་གསོ་སྦྱོང་བྱེད་པ་དང་སྦྲགས། ཀྲུང་དབྱང་མི་རིགས་སློབ་ཆེན་དང་ཀུའེ་དབྱང་བྱིས་པའི་དགེ་འོས་མཐོ་རིམ་ཆེད་སྦྱོང་ཚན་ཁག་སློབ་གྲྭ་དང་མཉམ་ལས་ཧུར་ཐག་བྱས་ཏེ། མཐོ་སློབ་ཀྱི་སློབ་ཁང་དུ་རྟ་རྔའི་འཚེམ་དྲུབ་སློབ་ཁྲིད་བྱས་པས། ཧྲུའེ་རིགས་ཀྱི་རྟ་རྔའི་འཚེམ་དྲུབ་གཅིག་རྒྱུད་གཅིག་འཛིན་ཐུབ་ཡོད་ཅེས་གསུངས།
       སུང་ཧྲུའེ་ཤན་གྱིས“འདི་ལོར་རང་ཉིད་ཀྱིས་མུ་མཐུད་ཐོན་རྫས་གསར་གཏོད་བྱས་ཏེ་དྲ་ཐོག་ཚོང་ཁང་དང་འགྲེམས་འཁྲབ་ཀྱི་རྣམ་པར་བརྟེན་ནས་རྟ་རྔའི་འཚེམ་དྲུབ་ཁྱབ་གདལ་བཏང་སྟེ་རྒྱུན་འཛིན་ཐུབ་པའི་མངོན་མིན་རིག་གནས་ཤུལ་བཞག་ལ་བརྟེན་ནས་དུད་ཚང་དབུལ་པོ་དབུལ་སྒྲོལ་འབབ་འཕར་ཡོང་བ་བྱ་རྒྱུ་དང་། རྟ་རྔའི་འཚེམ་དྲུབ་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པའི་མང་ཚོགས་ཀྱི་ནང་སྐྱེས་གསོན་ཤུགས་སྤེལ་གྱི་ཡིན”ཞེས་གསུངས།
     འཐུས་མི་གསུམ་པོས་ཁོང་ཚོས་མངོན་མིན་རིག་གནས་ཤུལ་བཞག་གི་གཏམ་རྒྱུད་ཡག་པོ་ཤོད་པ་དང་། སྤུས་ཚད་དེ་བས་མཐོ་བའི་མངོན་མིན་རིག་གནས་ཤུལ་བཞག་ཐོན་རྫས་མང་པོ་གསར་སྤེལ་བྱས་ཏེ་དེང་རབས་འཚོ་བའི་ཁྲོད་ཁྱབ་པར་བྱས་ནས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པ་དང་ཆབས་ཅིག རྒྱལ་ཁབ་ཀྱིས་མཐོ་སློབ་དང་འབྲིང་རིམ་ལས་རིགས་སློབ་གྲྭའི་ནང་མངོན་མིན་རིག་གནས་ཤུལ་བཞག་ལག་རྩལ་སློབ་ཚན་བཀོད་སྒྲིག་བྱེད་པ་དང་། “རྒྱུད་གཅིག་ལམ་གཅིག”རྒྱལ་ཁབ་ཏུ་མངོན་མིན་རིག་གནས་ཤུལ་བཞག་གི་ས་ཚིགས་བཙུགས་ཏེ་ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་དར་སྤེལ་ཤུགས་ཆེན་དང་འཛམ་གླིང་ཕྱོགས་སུ་སྐྱོད་ཐུབ་པའི་རེ་བ་ཡོད་ཅེས་གསུངས།