འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་11ཉིན།

༄༅༎པད་རྒྱལ་བཀྲ་ཤིས་ཀྱིས། རྨ་ཆུའི་ཆུ་མགོའི་མཚོ་མོ་སྟོང་གི་མཛེས་ལྗོངས་གཏན་དུ་གནས་པར་བྱེད་ཅེས་བརྗོད།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་11ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འཐུས་མི་པད་རྒྱལ་བཀྲ་ཤིས་ཀྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་བཞིན་པ།
འཐུས་མི་པད་རྒྱལ་བཀྲ་ཤིས་ཀྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་བཞིན་པ།
     མི་དམངས་དྲ་བའི་འཕྲིན། རྨ་ཆུའི་ཆུ་མགོར་གནས་ཤིང་། “མཚོ་མོ་སྟོང་གི་རྫོང་”ཞེས་མཚན་སྙན་ཐོབ་པའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གི་ཁོངས་སུ་སྔོན་ཆད་མཚོ་མོ་ཆེ་ཆུང་4000ལྷག་ཙམ་ཁྱབ་ཡོད་ཅིང་། དུས་རབས་གོང་མའི་དུས་མཇུག་ཏུ་དེའི་ནང་གི་མཚོ་མོ་ཕྱེད་ཀ་ལྷག་ཙམ་སྐམ་ལ་ཉེ་བར་འགྱུར། ད་ཆ་ས་ཁོངས་འདིའི་མཚོ་མོའི་གྲངས་འབོར་དེ་ཉེ་བའི་ལོ་20རིང་གྲངས་འབོར་ཆེས་མང་བ་དང་ཆུ་མང་ཉུང་གི་ཚད་ཆེས་ཕུན་སུམ་ཚོགས་པའི་རྣམ་པར་སླར་གསོ་བྱུང་ཡོད།
     རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་རིང་། པད་རྒྱལ་བཀྲ་ཤིས་ཀྱིས་ཞིང་ཆེན་ཕྱིའི་སྨྱན་སྦྱོར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་དོན། “འདི་ནི་ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་‘ཏན་ཏན་ཏིག་ཏིག་ངང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་གཏོང་དགོས་’ཞེས་པའི་བླང་བྱ་གལ་ཆེ་ལྟར། འབད་བརྩོན་ལྷོད་མེད་ཀྱིས་གཙང་གསུམ་ཆུ་མགོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་ལས་དོན་སྒྲུབ་པའི་གྲུབ་འབྲས་ཡིན་”ཞེས་བརྗོད།
     ཁོང་གིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ནི་གཙང་གསུམ་ཆུ་མགོའི་ཁུལ་དུ་གནས་ལ། “ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག་”གི་ལྟེ་བའི་ཁུལ་དུ་གནས་པ་དང་། གཙང་གསུམ་ཆུ་མགོའི་རྒྱལ་ཁབ་སྤྱི་གླིང་གི་སྔོན་འགྲོའི་ཚོད་ལྟའི་ས་ཁོངས་ཡིན་པས། རྫོང་ཁོངས་ནང་གི་78.01%ཟིན་པའི་ས་ཁོངས་ཀྱི་རྒྱ་ཁྱོན་གཙང་གསུམ་ཆུ་མགོའི་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་ཆུ་མགོའི་གླིང་ཁོངས་སུ་བཅུག་ཡོད་པ་རེད་ཅེས་བརྗོད།
     ཉེ་བའི་ལོ་ཤས་རིང་། མགོ་ལོག་ཁུལ་གྱིས་སྤུས་ཚད་མཐོ་བའི་ངང་གཙང་གསུམ་ཆུ་མགོའི་སྣོད་བཅུད་སྲུང་སྐྱོང་འཛུགས་སྐྲུན་གྱི་དུས་ཐེངས་དང་པོ་དང་དུས་ཐེངས་གཉིས་པའི་འཆར་འགོད་སོགས་སྐྱེ་ཁམས་འཛུགས་སྐྲུན་ལས་གྲྭ་གལ་ཆེན་སྤེལ་བ་དང་། རི་ཆུ་ནགས་ཞིང་མཚོ་རྩྭ་སོགས་སྣོད་བཅུད་མ་ལག་སྲུང་སྐྱོང་དང་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱབ་པས། སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ་རེད།
     རྩྭ་ཐང་ཞན་འགྱུར་གྱི་རྣམ་པ་ཚོད་འཛིན་ནུས་ལྡན་ཐུབ་པ་དང་། བྱེ་འགྱུར་ས་ཞིང་གི་རྒྱ་ཁྱོན་ཉུང་དུ་ཕྱིན་པ། ནགས་ཚལ་སྐྱེ་ཁམས་ཀྱི་ནུས་པ་རིམ་བཞིན་ཆེ་རུ་སོང་ཡོད་ཅིང་། ཆུ་ཁུངས་སྲུང་བའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། ས་ཆུ་སྲུང་འཛིན་གྱི་ནུས་པ་ཆེ་རུ་ཕྱིན་ལ། འདམ་རའི་སྣོད་བཅུད་མ་ལག་གི་གཞི་ཁྱོན་རྒྱ་བསྐྱེད་བྱུང་བ། ཆུ་བོ་དང་མཚོ་མོ་བཅས་ཀྱི་ཆུའི་ཚད་གཞི་མངོན་གསལ་དོད་པོས་ཇེ་མཐོར་སོང་བ་དང་། སྐྱེ་དངོས་སྣ་མང་རང་བཞིན་གྱི་ཐོན་ཁུངས་མགྱོགས་མྱུར་སླར་གསོ་བྱུང་ཡོད།
    རྣམ་གྲངས་ཁུལ་གྱི་རྩྭ་ཐང་གི་སྔོ་ཁེབས་ཁྱབ་ཚད་ཆ་སྙོམས་བརྒྱ་ཆའི་གྲངས་12མཐོ་རུ་ཕྱིན་ཡོད་ལ། དེའི་ནང་གི་གྲམ་ཐང་ནག་པོ་བཅོས་སྒྲིག་ཁུལ་གྱི་སྔོ་ཁེབས་ཁྱབ་ཚད་དེ་20%ནས་80%བར་མང་དུ་སོང་བ་དང་། རྩྭ་སའི་ཆ་སྙོམས་ཀྱི་རྩྭའི་ཐོན་ཚད་མང་དུ་ཕྱིན་ཡོད།
     རྨ་ཆུའི་ཆུ་མགོའི་མཚོ་སྐྱ་རེངས་དང་མཚོ་སྔོ་རེངས་ཀྱི་རྒྱ་ཁྱོན་ལོ་བཞིའི་གོང་དང་བསྡུར་ན་སོ་སོར་སྤྱི་ལེ་ངོས་གྲུ་17དང་སྤྱི་ལེ་ངོས་གྲུ་10མང་དུ་སོང་ཡོད།  རྨ་ཆུའི་ཆུ་མགོར་སླར་ཡང་འོད་ཆེམ་ཆེམ་འཕྲོ་བ་དང་། སྐར་ཚོགས་ས་ལ་འཕོས་འདྲའི་མཚོ་མོ་སྟོང་གི་ཡུལ་ལྗོངས་ངོ་མཚར་ཅན་ཆགས་ཡོད།
     རྨ་ཆུའི་ཆུ་མགོའི་ལོ་གཅིག་གི་ཆུ་ཆ་སྙོམས་ཕྱི་ཁོངས་སུ་བཞུར་ཚད་ཆེས་ཆེར་འཕར་པ་མ་ཟད། ཆུ་སྤུས་བཟང་པོ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཡོད།
     བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཁྱུ་ཚོགས་མངོན་གསལ་དོད་པོས་འཕར་བ་དང་། གང་ས་ནས་རྐྱང་དང་དགོ་བ། དོམ། སྤྱང་ཀི ཝ་མོ་སོགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་མཐོང་རྒྱུ་ཡོད་ཅིང་། པད་མ་རྫོང་ཁོངས་སུ་ད་དུང་གསའ་མཐོང་རྒྱུ་ཡོད་པ་རེད་ཅེས་པད་རྒྱལ་བཀྲ་ཤིས་ཀྱིས་རེ་རེ་བཞིན་ངོ་སྤྲོད་བྱས།
     2016ལོའི་ཟླ་3ཚེས་10ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་བསྟན་དོན། ངེས་པར་དུ་སྣོད་བཅུད་སྲུང་སྐྱོང་སྔོན་ལ་འཇོག་པ་དང་། ཏན་ཏན་ཏིག་ཏིག་གིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་གཏོང་དགོས་ཤིང་། མིག་ལ་སྲུང་སྐྱོང་བྱེད་པ་བཞིན་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་དང་། ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་སྣོད་བཅུད་ཁོར་ཡུག་ལ་གཅེས་སྤྲས་བྱས་ནས། ལྗང་མདོག་གི་འཕེལ་རྒྱས་གཏོང་སྟངས་དང་འཚོ་བ་སྐྱེལ་སྟངས་ཆགས་པར་སྐུལ་འདེད་གཏོང་དགོས། གཙང་གསུམ་ཆུ་མགོ་སྲུང་སྐྱོང་ཡག་པོ་བྱེད་དགོས་པ་དང་། “ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག་”སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་པ་དང་། གཙང་ཆུ་དྭངས་མ་ཤར་ཕྱོགས་སུ་ཤང་ཤང་དུ་རྒྱུག་པའི་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་གསུངས་ཡོད།
     པད་རྒྱལ་བཀྲ་ཤིས་ཀྱིས་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་གནང་བའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་འཇོག་ངེས་ཡིན་ལ། ཞིང་ཆེན་ཨུད་ལྷན་དང་ཞིང་ཆེན་སྲིད་གཞུང་གི་སྤྱིའི་བཀོད་སྒྲིག་ལྟར། “སྔོ་ལྗང་ལ་བརྟེན་ནས་དྲིན་ཚོར་དང་། སྐྱེ་ཁམས་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་”འདུ་ཤེས་བརྟན་པོ་འཛུགས་ནས། སྤྱི་ཚོགས་ཡོངས་སུ་མི་ཚང་མས་ཚད་མཐོའི་ངང་སྐྱེ་ཁམས་ལ་དོ་ཁུར་བྱེད་པ་དང་ཧུར་བརྩོན་གྱིས་སྐྱེ་ཁམས་ལ་ལེགས་སྐྱེས་འབུལ་བ། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་འཕེལ་རྒྱས་གཏོང་བའི་རྣམ་པ་བཟང་པོ་ཞིག་བསྐྲུན་པ་དང་། ལག་བསྟར་ཡག་པོ་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ནུས་ཤུགས་ཆེན་པོས་གཙང་གསུམ་ཆུ་མགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་སོགས་ཀྱི་སྐྱེ་ཁམས་ལས་གྲྭ་གལ་ཆེན་ལག་བསྟར་ཡག་པོ་བྱ་རྒྱུ་དང་། ཁོར་ཡུག་ཡུག་འབྲེལ་བཅོས་སྐྱོང་དང་། ཁྱིམ་གཞིས་མཛེས་བཟོའི་བྱ་སྤྱོད་དང་གཙང་གསུམ་ཆུ་མགོའི་གཙང་སྦྲའི་འདུ་འགོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་ཡིན་པ་དང་། སེམས་ཤུགས་གཅིག་བསྡུས་ཀྱིས་གཙང་གསུམ་ཆུ་མགོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཐོབ་པའི་གྲུབ་འབྲས་གསར་པར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། རྨ་ཆུའི་ཆུ་མགོའི་“ མཚོ་མོ་སྟོང་གི་མཛེས་ལྗོངས་” གཏན་དུ་གནས་པ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།