འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་7ཉིན།

༄༅།།གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་1100ཡན་ལས་ཞུགས་གསར་འཕར་ཡོང་བ་བྱ་རྒྱུ། 

འདི་ལོ་ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་སྤྱི་ཁོག་སྲིད་ཇུས་ནང་ཐོག་མར་བཞག་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་07ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་གྲོས་ཞིབ་བྱ་རྒྱུར་ཕུལ་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་འདི་ལོ་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་1100ཡན་ལས་ཞུགས་གསར་འཕར་ཡོང་བ་བྱ་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་ལས་ཤོར་གྲངས་ཚད་5.5%ཡས་མས་ལས་མེད་པ་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་བཀོད་ལས་ཤོར་གྲངས་ཚད་4.5%ནང་ཚུན་དུ་ཚོད་འཛིན་བྱ་རྒྱུ་བཅས་བསྟན་ཡོད།
     “ལས་ཞུགས་སྤུས་ཚད་དེ་བས་མཐོ་བ་དང་དེ་བས་གང་ལེགས་ཐུབ་པ་བྱ་རྒྱུ་ནི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱོགས་སུ་བསྐྱོད་པའི་མཚོན་ཚུལ་གལ་ཆེན་ཞིག་ཡིན་ལ། དམངས་འཚོའི་གཞི་རྩའི་འགན་ལེན་ ཞིག་ཀྱང་རེད”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཧུའུ་ནན་ཞིང་ཆེན་ཀྲུའུ་ཀྲོའུ་གྲོང་ཁྱེར་གྱི་ཧྲི་ཀྲང་དབྱང་ཝུའེ་གོ་ཡིས་དེ་ལྟར་གསུངས་པ་དང་། ཁོང་གིས་ཐོན་ལས་ཀྱི་གྲུབ་ཆ་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་རིང་། ཐོན་ལས་ཀྱི་བར་མཐོངས་གསར་པ་སྤྱད་དེ་ལས་ཞུགས་ཀྱི་གོ་སྐབས་མང་པོ་ཡོང་བར་འདེགས་སྐྱོར་བྱས་ནས་ལས་ཞུགས་དུས་བབ་བརྟན་ཐོག་ཡར་འཕེལ་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།
     རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ནུབ་རྒྱུད་གཏེར་ལས་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཀྲང་ཡུང་ལིས་ལས་ཞུགས་བརྟན་པོ་ཡོང་བར་སྔོན་ལ་ཁེ་ལས་བརྟན་པོ་ཡོང་བ་བྱེད་དགོས། “ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ་ནི་ལས་ཞུགས་བརྟན་པོ་ཡོང་བའི་ཞིབ་ཕྲའི་བྱ་ཐབས་ཤིག་ཡིན། ཁེ་ལས་འབྲིང་ཆུང་གི་མ་དངུལ་བསྡུ་སྒྲིལ་བྱེད་དཀའ་བ་དང་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་མཐོ་བའི་གནད་དོན་ཐག་གཅོད་བྱེད་དགོས། ཁེ་ལས་ཡག་པོ་གཉེར་ཐུབ་ན་ལས་ཞུགས་བརྟན་པོ་ཡོང་ཐུབ”ཅེས་གསུངས་པ་རེད།
     མི་སྤྱི་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་མཐོ་སློབ་སློབ་ཐོན་སློབ་མ་དང་། དམག་ཞབས་ཐིམས་པའི་དམག་མི། ཞིང་པ་ལས་མི་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལས་དོན་སྔར་བས་ཡག་པོ་སྒྲུབ་སྟེ་གྲོང་ཁྱེར་དང་གྲོང་རྡལ་གྱི་རིགས་ཁག་གི་ལས་ཞུགས་བྱེད་དཀའ་བའི་མིར་ལས་ཞུགས་རོགས་སྐྱོར་བྱ་ཤུགས་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།