འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་5ཉིན།

༄༅།།ཞུ་གཏུག་ལ་ལན་མེད་པར་དམིགས་ཏེ་ལྟ་སྐུལ་ཁ་པར་བཙུགས་ནས་འགྲུལ་པར་ལན་ཡོད་པ་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་05ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་ཅུས་ཀྲང་ཧྥོང་ཀྲེང་ལིན་གྱིས་ཚེས་3ཉིན་མི་དམངས་ཚོཌ་ཁང་ཆེ་མོའི“པུའུ་ཀྲང་བགྲོད་ལམ”བརྒྱུད་སྐབས། དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་ཟླ་3ཚེས་15ཉིན“12326” དམངས་སྤྱོད་མཁའ་འགྲུལ་ཀྱི་ཞབས་ཞུའི་སྤུས་ཚད་ལ་ལྟ་སྐུལ་བྱེད་པའི་ཁ་པར་འཛུཌ་རྒྱུ་ཡིན་པ་དེས། འགྲུལ་པའི་ཞུ་གཏུག་ལ་མཁའ་འགྲུལ་ཀུང་སི་དང་གནམ་ཐང་གིས་ལན་མ་བརྒྱབ་ཚེ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་ལྟ་སྐུལ་གྱི་འགན་འཁུར་ནས་འགྲུལ་པར་ལན་ཡོད་པ་བྱ་རྒྱུ་ཡིན་ཞེས་གསུངས།
     ཧྥོང་ཀྲེང་ལིན་གྱིས་འདི་ལོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་མུ་མཐུད་དམངས་སྤྱོད་མཁའ་འགྲུལ་གྱི་ཞབས་ཞུ་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་འགྲུལ་པར་ཤོག་བུའི་སྤ་སེ་མི་དགོས་པར་ཕྱིར་སྐྱོད་ཐུབ་པ་བྱ་རྒྱུ་དང་གནམ་ཐང་གི་རང་འགུལ་ཞབས་ཞུ་ཁྱབ་གདལ་གཏོང་རྒྱུའི་ནང་རང་འགུལ་ངང་རྡོག་ཆས་མངགས་སྐྱེལ་དང་རང་འགུལ་ངང་གནམ་གྲུའི་ནང་ཞུགས་པ་སོགས་ཚུད་ཡོད། འགྲུལ་པའི་གནམ་གྲུ་སྒུག་པའི་དུས་ཚོད་ཐུང་དུ་གཏོང་རྒྱུ། བདེ་འཇགས་ཞིབ་བཤེར་བྱེད་སྟངས་གསར་པ་འཚོལ་ཞིབ་བྱས་ནས་འགྲུལ་པར་བདེ་འཇགས་ཞིབ་བཤེར་བྱེད་སྐབས་བང་སྒྲིག་པའི་དུས་ཚོད་ཐུང་དུ་གཏོང་རྒྱུ། རྡོག་ཆས་མངགས་སྐྱེལ་གྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་ཁྱབ་གདལ་གཏོང་རྒྱུ། WiFiཁྱབ་རྒྱུར་སྔར་བས་སྐུལ་འདེད་གཏོང་རྒྱུ། གནམ་ཐང་དུ་ཟ་འཐུང་བྱེད་མཁན་ཚོར་གྲོང་ཁྱེར་འདི་ག་དང་སྤུས་ཚད་གཅིག་པ་དང་གོང་ཚད་གཅིག་པ་ཡོང་རྒྱུར་སྔར་བས་སྐུལ་འདེད་གཏོང་རྒྱུ། མཁའ་འགྲུལ་ཟོག་འདྲེན་གྱི་གློག་རྡུལ་དབོར་འདྲེན་འཛིན་ཤོག་ཁྱབ་གདལ་གཏོང་བ་བཅས་བྱ་རྒྱུ་རེད་ཅེས་ངོ་སྤྲོད་གནང་།
     ཁོང་གིས་ད་དུང་མིག་སྔར་མཁའ་འགྲུལ་ཀུང་སི་12ཙམ་གྱི་གནམ་གྲུ་300ཙམ་གྱིས་མཁའ་དབྱིངས་སུ་དྲ་ཞུགས་བྱེད་ཐུབ་ཀྱི་ཡོད། གནམ་ཐང་དུ་ཤོག་བུའི་སྤ་སེ་མི་དགོས་པར་ཕྱིར་སྐྱོད་པའི་ཐད། ན་ནིང་ཁོ་ནར་མི་ཐེངས་དུང་ཕྱུར་2.25ཤོག་བུའི་སྤ་སེ་མི་དགོས་པར་གནམ་གྲུར་ཞུགས་ཐུབ་པ་བྱུང་ཡོད་ཅེས་ངོ་སྤྲོད་གནང་།
     ཏ་ཤིན་རྒྱལ་སྤྱིའི་གནམ་ཐང་འཛུགས་སྐྲུན་སྐོར་གླེང་སྐབས་ཧྥོང་ཀྲེང་ལིན་གྱིས་2022ལོར་སླེབས་སྐབས་ཏ་ཤིན་རྒྱལ་སྤྱིའི་གནམ་ཐང་དུ་མི་ཐེངས་ཁྲི་4500སྐྱེལ་འདྲེན་ཐུབ་རྒྱུ་དང་2025ལོར་སླེབས་སྐབས་མི་ཐེངས་ཁྲི་7200སྐྱེལ་འདྲེན་ཐུབ་རྒྱུ་རེད་ཅེས་ངོ་སྤྲོད་གནང་བ་རེད།