འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་5ཉིན།

༄༅།།རྒྱལ་ཡོངས་སུ་ཡུན་རིང་ལྟ་སྐྱོང་གི་འགན་བཅོལ་ལམ་ལུགས་འཛུགས་མགྱོགས་སུ་གཏོང་དགོས། 

ཨུ་ཡོན་ཝུན་ཀྲེན་ཧྥུའུ(ཧུའུ་པེ་ཞིང་ཆེན་ཧུང་ཐའེ་གཞུང་ཁོངས་མ་འཇོག་གཉེར་སྐྱོང་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང)ཡིས་གསུངས་དོན།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་05ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     སྤྱི་ཚོགས་ཀྱི་འགན་སྲུང་ལམ་ལུགས་འདི་ཉིད་དམངས་འཚོ་འགན་ལེན་གྱི“བདེ་འཇགས་དྲ་བ”ཞིག་ཡིན་པས་སྤྱི་ཚོགས་བརྟན་ལྷིང་དང་དཔལ་འབྱོར་སྐྱོན་བྲལ་གོང་འཕེལ་ཡོང་རྒྱུ་དང་འབྲེལ་བ་ཡོད། རང་རྒྱལ་གྱི་མི་འབོར་ན་རྒས་ཅན་དུ་འགྱུར་ཚབས་ཆེ་རུ་འགྲོ་བ་དང་བསྟུན་ནས་སྤྱི་ཚོགས་ཀྱི་འགན་སྲུང་ལམ་ལུགས་ལའང་ཞིབ་འཇུག་བྱ་གཞི་གསར་པ་ཁག་གཅིག་འཕྲད་ཡོད་པ་དཔེར་ན། ལོ་ན་མཐོ་བ་དང་། མི་ཧྲེང་། དབང་ནུས་ཤོར་བ་བཅས་ཀྱི་མི་འབོར་ལ་ལྟ་སྐྱོང་བྱ་རྒྱུ་མི་འདང་བ་དང་ཐ་ན་ཁག་གཅིག་ལ་ལྟ་སྐྱོང་བྱེད་མཁན་རྩ་བ་ནས་མེད་པ་དང་ལྷག་པར་དུ་རང་མགོ་ཐོན་ནུས་ཤོར་བའི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྤྱི་ཚོགས་ཀྱི་འགན་སྲུང་ད་དུང་ཉམས་ཞན་ཡིན་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། རང་རྒྱལ་དུ་དབང་ནུས་ཤོར་བ་དང་དབང་ནུས་ཕྱེད་ཤོར་བའི་རྒན་རྒོན་མི་འབོར་ཁྲི་4000ཙམ་ཟིན་པ་དེས་རྒན་རྒོན་མི་འབོར་བསྡོམས་འབོར་གྱི་18%བཟུང་ཡོད། དབང་ནུས་ཤོར་བ་དང་དབང་ནུས་ཕྱེད་ཤོར་བའི་རྒན་རྒོན་མི་རེར་ཆ་སྙོམས་ཁྱིམ་ཚང་གི་ཁོངས་མི་གསུམ་གྱིས་ལྟ་སྐྱོང་བྱེད་དགོས་ཀྱི་ཡོད། གཞན་ཡང་2016ལོ་ནས་བཟུང་ན་རྒས་ཅན་དུ་འགྱུར་ཚད་སྔར་བས་མངོན་གསལ་དོད་དུ་ཕྱིན་ནས་དབང་ནུས་ཤོར་བ་དང་། དབང་ནུས་ཕྱེད་ཤོར་བ། མི་ཧྲེང་སོགས་ན་རྒས་མི་འབོར་ཤུགས་ཆེན་འཕར་ནས་ལྟ་སྐྱོང་གི་དགོས་མཁོ་ཧ་ཅང་ཆེན་པོ་ཡོད། གནས་ཚུལ་དེ་ལྟ་བུའི་འོག་ཡུན་རིང་ལྟ་སྐྱོང་གི་འགན་བཅོལ་ལམ་ལུགས་འཛུགས་རྒྱུ་ནི་ཧ་ཅང་ཁ་ཚ་དགོས་གཏུག་ཅིག་རེད།
     མིག་སྔར་རང་རྒྱལ་འདི་ཉིད་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་དུ་འཛུགས་སྐྲུན་བྱེད་པའི་དུས་དཀྱིལ་དུ་སླེབས་ཡོད་པས་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ལས་ཞུགས་གཞན་སྒྱུར་དང་། ཡུལ་གཞན་དུ་ལས་ཞུགས། སྐོར་སྐྱོད་རང་བཞིན་གྱི་ལས་ཞུགས་བཅས་བྱ་རྒྱུ་ནི་སྔར་བཞིན་ལས་ཞུགས་ཀྱི་ཁྱད་ཆོས་གཙོ་བོ་ཡིན་སྟབས་སྲོལ་རྒྱུན་གྱི་ཁྱིམ་ཚང་གི་ལྟ་སྐྱོང་བྱེད་སྟངས་མུ་མཐུད་རྒྱུན་འཁྱོངས་བྱེད་དཀའ་བར་བརྟེན་ཚང་སྟོང་ཁྱིམ་ཚང་འབོར་ཆེན་ཐོན་པ་དེར་སྤྱི་ཚོགས་ཅན་གྱི་ལྟ་སྐྱོང་དང་རྒན་གསོའི་ལམ་ལུགས་འཛུགས་རྒྱུའི་དགོས་པ་ཤིན་ཏུ་ཆེན་པོ་ཡོད་པ་རེད།
    2016ལོའི་ཟླ་6པར། མི་སྤྱི་པུས《ཡུན་རིང་ལྟ་སྐྱོང་གི་འགན་སྲུང་ལམ་ལུགས་ཚོད་ལྟ་བྱེད་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་ནས་ཧུའུ་པེ་ཞིང་ཆེན་ཅིང་མོན་སོགས་གྲོང་ཁྱེར་15རུ་ཡུན་རིང་ལྟ་སྐྱོང་གི་འགན་བཅོལ་ཚོད་ལྟ་བྱས་ཡོད། ལོ་གཉིས་ལྷག་ཙམ་རིང་ས་གནས་ཁག་གིས་བྱ་ཐབས་བཟང་པོ་ཁག་གཅིག་འཚོལ་ཞིབ་བྱས་པས་རྒྱལ་ཡོངས་རང་བཞིན་གྱི་ཡུན་རིང་ལྟ་སྐྱོང་གི་འགན་བཅོལ་ལམ་ལུགས་འཛུགས་རྒྱུའི་ཆ་རྐྱེན་སྤྱིར་ན་འཛོམས་ཡོད། དེར་བརྟེན། ལམ་ལུགས་དེ་འཛུགས་རྒྱུར་གང་མགྱོགས་སྐུལ་མ་གཏོང་རྒྱུའི་གྲོས་འགོ་བཏོན་ཡོད་པ་རེད།
     ལམ་ལུགས་ཁ་ཐོར་མི་ཡོང་བ་བྱ་ཆེད་ངེས་པར་དུ་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་སྟེ་ཡུན་རིང་ལྟ་སྐྱོང་གི་འགན་བཅོལ་ལམ་ལུགས་ཀྱི་ཇུས་གཞི་ཞིབ་འཇུག་བྱས་ནས་བཟོ་དགོས་པ་དང་འབྲེལ་ལམ་ལུགས་ཀྱི་གཅིག་གྱུར་རང་བཞིན་རྒྱུན་འཁྱོངས་བྱེད་དགོས་པ་སྟེ། རྒྱལ་ཡོངས་ཀྱི་གཞི་རྩའི་གཅིག་གྱུར་འགན་བཅོལ་ཁྱབ་ཁོངས་དང་། མ་དངུལ་གྱི་ཡོང་ཁུངས། དབང་ནུས་ཤོར་བའི་ཚད་གཞི། ལྟ་སྐྱོང་གི་རྣམ་གྲངས། སྤྱི་འདོམས་རིམ་པ་སོགས་ལ་ཞིབ་འཇུག་བྱེད་པ་དང་བསམ་བློ་བཏང་སྟེ་ལམ་ལུགས་དང་ཇུས་འགོད་དུས་གཅིག་ཏུ་དོན་ཐོག་ཏུ་འཁྱོལ་བ་བྱེད་པ་ལས་གནད་དོན་ལྷག་འཕྲོ་མི་ལུས་པ་བྱེད་དགོས།