འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་5ཉིན།

༄༅།།ལམ་ལུགས་ཀྱི་གསོན་ཤུགས་འཕེལ་བར་བྱེད། བསྐྱར་དར་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ།

—— རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ གཉིས་པ་འགོ་ཚུགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་05ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     “དཔྱིད་ཀྱི་དཔལ་ཡོན་རིམ་གྱིས་བཞད། ལོ་གཅིག་དུས་བཞི་དེ་ནས་ཤར” དེ་རིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པ་པེ་ཅིང་དུ་འགོ་ཚུགས་ཤིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་3000ཙམ་གྱིས་མཉམ་དུ་འཛོམས་ཏེ། རྒྱལ་དོན་དང་ཇུས་ཆེན་ཐུན་མོང་ཐོག་གླེང་རྒྱུ་རེད། དེ་ནི་རང་རྒྱལ་གྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན། ང་ཚོས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་རྒྱུ་ཡིན།
     དཔྱིད་ཀར་མེ་ཏོག་བཞད་པ་དང་སྟོན་ཀར་འབྲས་བུ་སྨིན་པ་བཞིན། འདི་ལོ་སླར་ཡང་ལོ་ལེགས་ཡོང་རྒྱུ་ཉག་ཅིག་ཡིན། འདས་ཟིན་པའི་ལོ་གཅིག་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་ཡིན། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ལྗིད་རྫོབ་ཆེ་བའི་རྒྱལ་ནང་གི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་མདུན་དུ། 
     བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ནང་དང་རྒྱལ་སྤྱིའི་དུས་བབ་ཆེན་པོ་གཉིས་གཅིག་འདོམས་དང་། བརྟན་ཐོག་ཡར་བརྩོན་ལས་དོན་གྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས། སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་གཏོང་དགོས་པའི་བླང་བྱ་དོན་འཁྱོལ་བཅས་བྱས་ཏེ། ཕྱི་རོལ་གྱི་ཁོར་ཡུག་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བར་ཁ་གཏད་ནུས་ལྡན་བཅག་པ་དང་། དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་དུས་བབ་མུ་མཐུད་བརྟན་ལྷིང་ཡོང་བ་བྱས་པ། ཀྲུང་གོའི་གྲུ་ཆེན་གྱི་རླུང་གཡོར་བསྒྲེངས་ཏེ་རླབས་གཏོར་རླུང་གཤག་གིས་ཐག་རིང་དུ་བརྟན་པོར་བསྐྱོད་ཡོད། འདས་ཟིན་པའི་ལོ་དེའང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པ་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་འགན་འཁྲི་བསྒྲུབས་པའི་ལོ་གཅིག་ཀྱང་རེད། ལོ་གཅིག་རིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པ་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། མི་དམངས་འཐུས་ཚོགས་ལས་དོན་གྱི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་འགན་ལེན་བྱས་པ་དང་། རྩ་ཁྲིམས་ལག་བསྟར་ཐད་གོམ་སྟབས་གསར་པ་ཞིག་སྤོ་བར་སྐུལ་འདེད་བཏང་བ། དུས་རབས་གསར་པའི་ཁྲིམས་འཛུགས་ལས་དོན་ལ་ཤུགས་སྣོན་བརྒྱབ་པ་དང་འབྲེལ་ལེགས་སུ་བཏང་བ། མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་གྱི་འགན་འཁྲི་ཁྲིམས་ལྟར་བསྒྲུབས་པ། འཐུས་མི་དང་ཐད་ཀར་འབྲེལ་བ་བྱེད་ལམ་ཡངས་སུ་བཏང་ཡོད། ཕྱོགས་ཁག་གི་ལས་དོན་ལ་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་ལ་འགོ་ཡག་པོ་ཞིག་ཀྱང་འཛུགས་ཐུབ་པ་བྱུང་ཡོད། ལག་ལེན་གྱི་ཐོག་ནས་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་རྒྱུ་དང་མི་དམངས་ལ་རང་ཁྱིམ་རང་བདག་ཡོང་བ་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས། སྤྱི་ཡོངས་ལ་དམིགས་ཏེ་ལས་དོན་ཇུས་འགོད་དང་སྐུལ་འདེད་གཏོང་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས། ཁྲིམས་གཏན་འཁེལ་བའི་འགན་འཁྲི་བསྒྲུབ་རྒྱུ་དང་ཁྲིམས་ལྟར་བྱ་བ་བསྒྲུབ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས། དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བཅས་བྱས་ན་གཞི་ནས་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྔར་བས་ཡག་པོ་སྒྲུབ་ཐུབ་རྒྱུ་ཡིན་པ་ར་འཕྲོད་གང་ལེགས་ཐུབ་ཡོད།
     “ལྷམ་ལ་ཆེ་ཆུང་མི་འདུག རྐང་པར་རན་ན་ཆོག་ག སྐྱོང་ལུགས་སྐྱོང་སྟངས་མི་འདྲ། དམངས་ལ་ཕན་ན་ཆོག་ག”རང་རྒྱལ་ཁབ་ཀྱི་ས་ཆར་གཞི་ཚུགས་ནས་ཉིང་བཅུད་སྣ་ཚོགས་བསྡུས་པའི་ལམ་ལུགས་ནི་བློས་འཁེལ་ཤོས་དང་གོ་ཆོད་ཤོས་ཡིན། འདི་ལོ་ནི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ་65འཁོར་བའི་ལོ་ཞིག་རེད། ལོ་65ཡི་རིང་དང་ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་སོང་ནས་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བའི་རྣམ་པ་ཞིག་མངོན་ཡོད། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བཅས་གཅིག་གྱུར་དམ་ཟབ་བྱུང་བའི་རྩ་བའི་ལམ་ལུགས་ཀྱི་བཀོད་སྒྲིག་ཅིག་ཡིན་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཀྲུང་གོའི་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པར་འདེགས་སྐྱོར་བྱེད་པའི་རྩ་བའི་ཆབ་སྲིད་ཀྱི་ལམ་ལུགས་ཤིག་ཀྱང་ཡིན། ལག་ལེན་ཐོག་ནས་ར་འཕྲོད་གང་ལེགས་ཐུབ་པར། ཀྲུང་གོའི་ཆབ་སྲིད་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་དང་ཐ་ན་འཛམ་གླིང་གི་ཆབ་སྲིད་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་དུས་རབས་ལས་བརྒལ་བའི་དོན་སྙིང་ལྡན་པའི་ཆབ་སྲིད་ཀྱི་ལམ་ལུགས་གསར་པ་དེ་ནི་ཀྲུང་གོའི་རྒྱལ་བབ་དང་དོན་དངོས་དང་མཐུན་པ་དང་། སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་ངོ་བོ་མཚོན་པ། མི་དམངས་ལ་རང་ཁྱིམ་རང་བདག་ཡོང་བར་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་བྱེད་པ་བཅས་ཀྱི་ལམ་ལུགས་ཡག་པོ་ཞིག་རེད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ནས། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ལམ་ལུགས་དེའི་ལེགས་ཆ་དང་ཁྱད་ཆོས་འདོན་སྤེལ་གང་ལེགས་བྱེད་པ། ལམ་ལུགས་ཀྱི་གསོན་ཤུགས་ཟམ་མི་ཆད་པར་འཕེལ་བར་བྱེད་པ་བཅས་བྱས་ཚེ། རྒྱལ་ཁབ་དར་རྒྱས་འབྱོར་ཕྱུག་དང་། སྤྱི་ཚོགས་དྲང་སྙོམས་དྲང་གཞག མི་དམངས་བདེ་སྐྱིད་ཁམས་བཟང་བཅས་ཡོང་ཕྱིར་ཆབ་སྲིད་ཀྱི་འགན་ལེན་བརྟན་པོ་ཞིག་བྱེད་ཐུབ།
     མི་དམངས་ནི་ལོ་རྒྱུས་གསར་གཏོད་བྱེད་མཁན་དང་རླབས་ཆེའི་ཕུགས་འདུན་སྒྲུབ་མཁན་གྱི་སྟོབས་ཤུགས་ཀྱི་འབྱུང་རྩ་ཡིན། རླབས་ཆེའི་ཕུགས་འདུན་སྒྲུབ་པའི་སྙིང་སྟོབས་དར་སྤེལ་བཏང་སྟེ་མི་རིགས་བསྐྱར་དར་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཚེ། ང་ཚོའི་མདུན་སྐྱོད་ཀྱི་ལམ་བུ་འགོག་ཐུབ་མཁན་གཅིག་ཀྱང་ཡོང་མི་སྲིད། འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཞིག་རེད། ལོ་70ཡི་རིང་། རང་རེའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་མི་ཡུལ་གྱི་ངོ་མཚར་བཏོད་པ་དང་མི་རིགས་བསྐྱར་དར་གྱི་འོད་སྟོང་འཕྲོ་བའི་མདུན་ལམ་བསུས་པ་ཚང་མ་ནི་ཏང་དང་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པ་ལས་བྱུང་བ་ཤ་སྟག་རེད། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ལ་གསོན་ཤུགས་ཆེན་པོ་དང་ཁྱད་འཕགས་རང་བཞིན་མངོན་གསལ་དོད་པོ་དེ་འདྲ་ལྡན་དོན་ནི། ལམ་ལུགས་དེས་མི་དམངས་ཁྲོད་རྩ་བ་བརྟན་པོ་བཙུགས་པ་དང་། མི་དམངས་ཀྱིས་མི་དམངས་འཐུས་མི་ཚོགས་ཆེན་བརྒྱུད་རྒྱལ་ཁབ་ཀྱི་དབང་ཆ་ལག་བསྟར་བྱ་རྒྱུར་རྒྱབ་སྐྱོར་དང་འགན་ལེན་བྱས་པ། མི་དམངས་རང་ཁྱིམ་རང་བདག་ཡོང་བ་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བ་དང་སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་ཞིབ་ཚགས་པོ་དང་དོན་དངོས་དང་མཐུན་པའི་སྒོ་ནས་དོན་འཁྱོལ་བྱས་པས་རེད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་གྱི་རྒྱང་སྐྱོད་ཀྱི་ལམ་བུའི་ཐོག་མུ་མཐུད་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་བརྒྱུད། རྒྱལ་ཁབ་དང་མི་དམངས་ཀྱི་མདུན་ལམ་དང་ལས་དབང་མི་དམངས་ཀྱི་ལག་ནང་དམ་པོར་འཛིན་པ་དང་། རིམ་པ་ཁག་དང་ཁྱབ་ཁོངས་ཁག་ནས་སྤྱི་དམངས་གོ་རིམ་ལྡན་པའི་ངང་ཆབ་སྲིད་ནང་ཞུགས་རྒྱ་ཆེ་རུ་གཏོང་བ། དེ་བས་རྒྱ་ཆེ་དང་། དེ་བས་ལེགས་པ། དེ་བས་འཐུས་ཚང་བཅས་ཀྱི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ། མི་དམངས་ཀྱི་འབོད་སྒྲ་ཉན་པ། མི་དམངས་ཀྱི་རེ་སྒུག་ལ་ལན་སློག་པ་བཅས་བྱས་ཏེ། མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཟམ་མི་ཆད་པར་ཐག་གཅོད་ཡག་པོ་བྱས་ཚེ། ང་ཚོས་འཛད་མེད་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་མི་དམངས་དུང་ཕྱུར་དུ་མའི་རླབས་ཆེའི་ཕུགས་འདུན་མངོན་འགྱུར་ཐུབ་ངེས་རེད།
     དུས་རབས་གསར་པ་ནི་འབད་འཐབ་པའི་དུས་རབས་ཤིག་ཡིན་ཞིང་། མི་དམངས་དུང་ཕྱུར་དུ་མས་འབད་པ་ཆེར་སྐྱེད་ཀྱིས་ཕུགས་འདུན་སྒྲུབ་བཞིན་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པ་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལས་འགན་སྒྲུབ་པའི་དུས་དེ“ལོ་བརྒྱ་གཉིས”ཀྱི་ལོ་རྒྱུས་ཀྱི་འབྲེལ་མཚམས་དང་ཏག་ཏག་འཁེལ་བས་གཟི་བརྗིད་ལྡན་ལ་ལས་འགན་ལྗི་པོ་འཁུར་བཞིན་ཡོད། རྒྱ་ཆེའི་འཐུས་མི་ཚོས་མི་དམངས་ཁྲོད་ནས་ཡོང་བ་དང་མི་དམངས་ཁྲོད་དུ་རྩ་བ་ཚུགས་པའི་ལེགས་ཆ་འདོན་སྤེལ་གང་ལེགས་ཀྱིས་རང་འགན་གཙང་མ་སྒྲུབ་པ་དང་། མི་དམངས་དང་འབྲེལ་འདྲིས་བྱེད་པ། མི་དམངས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་པ། མི་དམངས་ཀྱི་བློ་གྲོས་གཅིག་ཏུ་བསྡུ་བ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་འབད་འབུངས་སྟོབས་བརྩོན་བྱེད་པ་བཅས་ཀྱི་ཐོག་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་དེ་བས་ཆེ་བའི་ངོ་མཚར་གསར་པ་གཏོད་རྒྱུའི་རེ་བ་ཡོད།
    (ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུ)