འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་5ཉིན།

༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པས་གྲ་སྒྲིག་ཚོགས་འདུ་འཚོགས་པ། 

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་དང་པོ་འཚོགས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་05ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་4ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པས་ཚེས་4ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེ་མོར་གྲ་སྒྲིག་ཚོགས་འདུ་འཚོགས་ཤིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཆེ་བདམས་ཐོན་བྱུང་བ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་གྲོས་རིམ་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།
      རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པར་ད་ཡོད་འཐུས་མི་2975ཡོད་ཅིང་། ཟླ་3ཚེས་3ཉིན་བར་ཚོགས་ཆེན་གྱི་དྲུང་ཆེ་ཁྲུའུ་ལ་མིང་ཐོ་བཀོད་པའི་འཐུས་མི་2956ཡོད་པ་དང་། ཚེས་4ཉིན་གྱི་གྲ་སྒྲིག་ཚོགས་འདུར་འཐུས་མི་2932ཕེབས་པ་དང་འཐུས་མི་43ཕེབས་ཐུབ་མེད་པས་ཚོགས་འདུར་ཕེབས་པའི་མི་གྲངས་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།
     ལི་ཀྲན་ཧྲུའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ཁྱབ་བསྒྲགས་གནང་བ་སྟེ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པ་2019ལོའི་ཟླ་3ཚེས་5ཉིན་འཚོག་རྒྱུ་དང་། ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་ཚང་མ་ལེགས་གྲུབ་ཟིན་པ་རེད།
     ལི་ཀྲན་ཧྲུའུ་ཡིས་མཛུབ་སྟོན་གནང་དོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་མཛུབ་ཁྲིད་དགོངས་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་བཞིན་རྒྱལ་སྐྱོང་བཅས་ཟུང་འབྲེལ་ནུས་ལྡན་བྱེད་པ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ནན་ཏན་ངང་སྒྲུབ་པ། ཚོགས་ཆེན་གྱི་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཡོང་བ་བཅས་བྱས་ནས་ཚོགས་ཆེན་དེ་དམངས་གཙོ་དང་། 
     མཐུན་སྒྲིལ། བདེན་འཚོལ། འབད་འབུངས་བཅས་ཀྱི་ཚོགས་ཆེན་ཞིག་ཚོགས་ཐུབ་པ་བྱེད་དགོས་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱ་རྒྱུའི་སྐུལ་སློང་བྱས་ནས་ཀུན་སེམས་གཅིག་སྒྲིལ་དང་། གསར་གཏོད་ཡར་བརྩོན། ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུས་ཏེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས།
     གྲ་སྒྲིག་ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཆེ་བདམས་ཐོན་བྱུང་བ་དང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པ་དེ་མི་176ལས་གྲུབ་པ་དང་ཝང་ཁྲེན་ཚོགས་ཆེན་གྱི་དྲུང་ཆེར་བདམས་པ་རེད།
      བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བའི་ཚོགས་ཆེན་གྱི་གྲོས་རིམ་གཞིར་བཟུང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་རྒྱུ་དང་། 2018ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་གྱི་སྙན་སྒྲོན་ལ་ཞིབ་བཤེར་གནང་རྒྱུ། 2018ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2019ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་གྱི་སྙན་སྒྲོན་ལ་ཞིབ་བཤེར་གནང་རྒྱུ། ཕྱི་རྒྱལ་གྱི་ཚོང་པའི་མ་འཇོག་བཅའ་ཁྲིམས་འཆར་ཟིན་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་གཞིར་གྲོས་ཞིབ་གནང་རྒྱུ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་རྒྱུ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་རྒྱུ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་རྒྱུ་སོགས་རེད།
     རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཚའོ་ཅན་མིང་དང་། ཀྲང་ཁྲུན་ཤན། ཧྲེན་གཡོད་གཡོད། ཅི་པིན་ཤོན། ཨའེ་ལི་ཀེང·དབྱི་མིང་པཱ་ཧའེ། དབན་ཨེ་ཤང་། ཁྲེན་ཀྲུའུ། ཝང་ཏུང་མིང་། པད་མ་འཕྲིན་ལས། ཏིང་ཀྲུང་ལི། ཧའོ་མིང་ཅིན། ཚའེ་ཏ་ཧྥེང་། ཝུའུ་ཝུའེ་ཧྭ་བཅས་དང་། དྲུང་ཆེ་དབྱང་ཀྲེན་ཝུའུ་ཚོགས་འདུར་ཕེབས་ཡོད་པ་རེད།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཉིན་གྱི་སྔ་དྲོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པས་མི་དམངས་ཚོགས་ཁང་ཆེ་མོར་ཚོགས་འདུ་ཐེངས་དང་པོ་འཚོགས་པ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
     ཀྲུའུ་ཞི་ཚོགས་པའི་ཚོགས་འདུར་ཕེབས་དགོས་པའི་མི་གྲངས་176ཡིན་པ་དང་དངོས་སུ་ཕེབས་པའི་མི་གྲངས་172དང་མི་4ཕེབས་མེད་པས་ཕེབས་པའི་མི་གྲངས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།
     ཚོགས་འདུའི་ཐོག་དང་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་འོས་འདེམས་བྱས་པ་དང་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་དང་། ཨུ་ཡོན་ཀྲང་གཞོན་པ། དྲུང་ཆེ་བཅས་ཀྱིས་འགན་ཁུར་ཡོད། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིས་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་སྐོང་བསྡུ་གནང་བ་དང་འབྲེལ་གཙོ་སྐྱོང་གནང་ཡོད།
     ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་ཉིན་རེའི་གྲོས་རིམ་ལ་བརྡས་ཐག་བཅད་དེ་གྲོས་འཆམ་གནང་བ་དང་ཚོགས་འདུའི་ཉིན་རེའི་གྲོས་རིམ་གཞིར་བཟུང་ད་ཐེངས་ཀྱི་ཚོགས་ཆེན་དེ་ཟླ་3ཚེས་5ཉིན་གྱི་སྔ་དྲོ་འགོ་ཚུགས་རྒྱུ་དང་ཟླ་3ཚེས་15ཉིན་གྱི་སྔ་དྲོ་གྲོལ་རྒྱུ་ཡིན་ཞིང་། ཚོགས་ཡུན་ཉིན་10དང་ཉིན་ཕྱེད་ཡིན་པ་རེད།
     རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུའི་གྲོས་རིམ་གྱི་སྒྲིག་སྲོལ་ནང་གཏན་འབེབས་བྱས་པ་གཞིར་བཟུང་། ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་དང་པོས་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཁ་ཤས་འོས་འདེམས་བྱས་ཏེ་ཚོགས་ཆེན་ཚང་མའི་ཚང་འཛོམས་ཚོགས་འདུའི་ལག་བསྟར་ཀྲུའུ་ཞིའི་འགན་སོ་སོར་འཁུར་རྒྱུ་དང་བརྡས་ཐག་བཅད་པ་བརྒྱུད་ཚོགས་འདུའི་ཐོག་ཚོགས་ཆེན་གྱི་ཚང་འཛོམས་ཚོགས་འདུའི་ལག་བསྟར་ཀྲུའུ་ཞི་འོས་འདེམས་བྱས་པ་རེད།
     ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད་དབྱང་ཀྲེན་ཝུའུ་དང་། ཤིན་ཁྲུན་དབྱིང་། ལི་ཧྥེ། ཀྲང་ཡེ་སུའེ། ཧན་ལི་ཕིང་། ལི་པའོ་རུང་བཅས་ཚོགས་ཆེན་གྱི་དྲུང་ཆེ་གཞོན་པར་གཏན་འཁེལ་བྱས་པ་དང་ཀྲང་ཡེ་སུའེ་ཡིས་ཚོགས་ཆེན་གྱི་མགྲིན་ཚབ་པའི་འགན་གཅིག་ལྕོགས་ཁུར་རྒྱུའི་གཏན་འཁེལ་བྱས་པ་རེད།
     ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་གྲོས་གཞིར་བརྡས་ཐག་གཅོད་ཐབས་གཏན་འབེབས་བྱས་པ་རེད། ཚོགས་འདུའི་ཐོག་འཐུས་མིའི་གྲོས་གཞི་འདོན་མཚམས་འཇོག་དུས་ཟླ་3ཚེས་11ཉིན་གྱི་ཆུ་ཚོད་12བར་ཡིན་པའི་གཏན་འབེབས་བྱས་པ་རེད། ཚོགས་འདུའི་ཐོག་ཚོགས་ཆེན་གྱི་དྲུང་ཆེ་ཁྲུའུ་ཡིས་འཐུས་མི་ཚོགས་པ་དང་འཐུས་མིས་བཏོན་པའི་གྲོས་གཞིར་ཞིབ་འཇུག་བྱས་ཏེ་ཐག་གཅོད་བསམ་འཆར་འདོན་པ་དང་ཀྲུའུ་ཞི་ཚོགས་པས་གཏན་འབེབས་གནང་རྒྱུར་སྙན་སེང་ཞུ་རྒྱུ་རེད།