འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་28ཉིན།

༄༅༎རྒྱལ་ཡོངས་སུ་གྲོང་གསེབ་ཀྱི་དགེ་རྒན་ཁྱོན་མི་ཁྲི་290ལྷག་ཙམ་ཡོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་28ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན། གསར་འགོད་པར་སློབ་གསོ་པུའུ་ཡི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2018ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་གྲོང་གསེབ་ཀྱི་དགེ་རྒན་ཁྱོན་མི་ཁྲི་290ལྷག་ཙམ་ཡོད་པའི་ནང་། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་ཁྲི་250དང་བུ་བཅོལ་ཁང་གི་དགེ་རྒན་ཁྲི་42ལྷག་ཙམ་ཡོད་པ་ལས། ལོ་40མན་གྱི་ན་གཞོན་དགེ་རྒན་གྱིས་58.3%བཟུང་བ་རེད།
     སློབ་གསོ་པུའུ་དགེ་རྒན་ལས་དོན་སི་ཡི་སྐོར་གཟིགས་པ་ལིའུ་ཅན་ཐུང་གིས། སློབ་གསོ་པུའུ་ཡིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གསོ་དོ་སྙོམས་དང་སློབ་གསོ་བཏང་སྙོམས་ལ་སྐུལ་འདེད་གཏོང་ཆེད། ཉེ་བའི་ལོ་ཤས་རིང་བྱང་ཚད་མཐོ་བའི་གྲོང་གསེབ་ཀྱི་དགེ་རྒན་དཔུང་ཁག་ཅིག་གཏོད་པར་གཞོལ་ནས་གྲོང་གསེབ་དང་ལྷག་དོན་དུ་ས་ཁུལ་དབུལ་པོར་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་འབོར་ཆེན་ཞིག་མངགས་ཡོད་ཅེས་ངོ་སྤྲོད་བྱས།
     ངོ་སྤྲོད་བྱས་པར་གཞིགས་ན། 2018ལོར་སློབ་གསོ་པུས་ད་དུང་དགེ་རྒན་ཁྲི་ཡིས་བོད་སྐྱོར་ཤིན་སྐྱོར་གྱི་སློབ་སྐྱོར་འཆར་གཞི་ལག་ལེན་བསྟར་ཅིང་། རྒྱལ་ཡོངས་སུ་ཞིང་ཆེན་དང་གྲོང་ཁྱེར་19ནས་བོད་དང་ཤིན་ཅང་ལ་དགེ་རྒན་4000རོགས་སྐྱོར་བྱེད་པར་གསར་དུ་བཏང་བ་དང་། ཐག་རིང་ལུང་ཁུག་གི་ས་ཁུལ་དབུལ་པོ་དང་མཐའ་མཚམས་མི་རིགས་ས་ཁུལ། གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ་བཅས་ལ་ཤེས་ལྡན་པའི་རྒྱབ་སྐྱོར་འཆར་གཞི་ལག་ལེན་བསྟར་བ། ཕུལ་བྱུང་དགེ་རྒན་ཁྲི་2.4རོགས་སྐྱོར་བྱ་ཡུལ་རྫོང་དུ་སློབ་སྐྱོར་ལ་མངགས་པ་རེད། དེ་དང་ཆབས་ཅིག་རྒན་ཡོལ་ཞུས་པའི་ཕུལ་བྱུང་དགེ་རྒན་གྱི་སློབ་ཁྲིད་འཆར་གཞི་ལག་ལེན་བསྟར་འགོ་བཙུགས་ཤིང་། ལུས་བདེ་ཁམས་བཟང་གི་རྒན་ཡོལ་ཞུས་པའི་དགེ་རྒན་བདམས་ནས་གཞི་རིམ་གྱི་སློབ་གྲྭ་དང་གྲོང་གསེབ་ཀྱི་སློབ་གྲྭར་སློབ་གསོ་སློབ་ཁྲིད་ཀྱི་བྱེད་སྒོ་སྤེལ་བར་མངགས་པ་དང་2018ལོར་ཁྱོན་དགེ་རྒན་1800བསྡུས་པ་རེད།