འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་28ཉིན།

༄༅།།ཡུལ་ཤུལ་གེགས་ཁུལ་གྱི་མཐའ་མའི་འགག་གནད་དུ་བསྐྱོད་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་28ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཡུལ་ཤུལ་གེགས་ཁུལ་གྱི་མཐའ་མའི་འགག་གནད་དུ་བསྐྱོད་པ།
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་2ཚེས་26ཉིན་གློག་འཕྲིན་འབྱོར་གསལ། གཙང་གསུམ་ཆུ་འགོར་ད་དུང་ཁ་བ་ལྷབ་ལྷུབ་ཏུ་འབབ་བཞིན་ཡོད། དེ་ནི་ཉེ་བའི་ལོ་10ཡི་རིང་། འབྲོག་པ་དཔལ་ལྡན་གྱིས་བརྒྱུད་མྱོང་བའི་གངས་འབབ་ཐེངས་ཆེ་ཤོས་དེ་རེད། ངོ་མ་བརྗོད་ན་དེ་ནི་གངས་སྐྱོན་ཞིག་རེད།
     དཔལ་ལྡན་ནི་མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་རྫ་སྟོད་རྫོང་ནས་ཡིན། ཟླ་དང་པོ་ནས་བཟུང་། གངས་ཐེངས་10ལྷག་ཙམ་བསྟུད་མར་བབས་ནས་ཡུལ་ཤུལ་དུ་གངས་སྐྱོན་ཚབས་ཆེན་ཕོག་ཅིང་། མིག་སྔའི་བར་ཕྱུགས་རིགས་མགོ་གྲངས་ཁྲི་2ལྷག་ཙམ་ཤི་བ་དང་། མང་ཚོགས་ཁྲི་10ལྷག་ཙམ་ལ་གནོད་འཚེ་ཕོག་ཡོད།
     ས་བབ་མཐོ་ཚད་སྨི་4500ཡོད་པའི་རྫ་སྟོད་རྫོང་ཨག་སྟོད་ཤང་སྤྱི་ནེ་གྲོང་ཚོའི་ཚོགས་ཆུང་གསུམ་པའི་དཔལ་ཆུང་ལུང་ཤུར་ནས་རྫོང་གྲོང་བར་བར་ཐག་སྤྱི་ལེ་20ལྷག་ཙམ་ཡོད། དེ་ནི་ཤང་ཡོངས་ཀྱི་མངའ་ཁོངས་སུ་ད་བར་གཞུང་ལམ་ཤར་གཏོང་མི་ཐུབ་པའི་གྲོང་ཚོ་དང་ཚོགས་ཆུང་མང་པོ་མེད་པའི་གྲས་ཤིག་རེད།
    རི་མཐོ་ལ་རླུང་བུ་ཆེ་བས་གངས་གསོག་ཐེབས་ཚད་ལི་སྨི་25ཟིན་པ་དང་མཐུག་ཤོས་སུ་མི་དར་མ་ཞིག་གི་གཟུགས་ཚད་ལས་ཀྱང་མཐོ་བ་ཡོད། འཕྲུལ་འཁོར་འགྲོ་ཐབས་བྲལ་བས་མི་ཐབས་ལ་བརྟེན་ཚེ་ལམ་ཤར་གཏོང་གི་ལས་ཀའི་འཕེལ་རིམ་འགོར་ཙམ་ཡོད།
    ཡུལ་ཤུལ་གྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ལྷག་ཙམ་ཟིན་པ་དང་ལོ་གཅིག་ལ་དབྱར་ཁ་དང་དགུན་ཁའི་དུས་ཚིགས་ལས་མེད། འདི་ལོའི་ལུགས་རྙིང་ལོའི་ཟླ་བ་དང་པོའི་ཚེས་བརྒྱད་ཉིན། ཡུལ་ཤུལ་གྱི་གངས་སྐྱོན་ཕོག་ཁུལ་གྱི་གསར་འགྱུར་སྤེལ་མཁན་ཁག་དང་པོའི་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་རླངས་འཁོར་ལ་བསྡད་དེ་གངས་སྐྱོན་ཆེ་ཤོས་ཕོག་པའི་ཡུལ་ཤུལ་ཀྲོའུ་རྫ་སྟོད་དང་ཁྲི་འདུ་སོགས་རྫོང་ཁོངས་སུ་བསྐྱོད་པ་ཡིན།
     ཡུལ་ཤུལ་གངས་སྐྱོན་གྱི་ཡིད་སྐྱོ་བའི་གནས་ཚུལ་སྔ་ས་ནས་གོ་ཐོས་བྱུང་། གངས་སྐྱོན་ཕོག་ཡུལ་གྱི་ས་ཆ་དངོས་སུ་འབྱོར་རྗེས་གསར་འགོད་པར་གནོད་འཚེ་ཕོག་ཚབས་ཆེ་བ་དང་གེགས་སེལ་གྱི་དཀའ་གནད་ཆེན་པོ་ཡོད་པ་དེ་བས་མྱོང་ཚོར་བྱུང་།
     ལམ་བར་དུ་ང་ཚོས་འཁྱག་ལྟོགས་ཀྱིས་མནར་བའི་ཤྭ་བས་མགོ་བོ་གངས་འོག་ཏུ་བཅུག་པ་དང་། འབྲོག་པའི་ལུས་སྟོབས་ཞན་པའི་མོ་ཕྱུགས་དང་བེའུ་གཟན་རྩྭ་ཟ་རྒྱུ་མེད་སྟབས་དབུགས་ཡོད་ཀྱང་ཤུགས་མེད་པར་གྱུར་པ། གངས་བབས་པ་དང་ལྷག་པ་ཆེན་པོ་རྒྱག་པའི་གནམ་གཤིས་བསྟུད་མར་བསྟན་སྟབས་ནུས་ཤུགས་ཡོད་རྒུས་ཤར་གཏོང་བྱས་པའི“ཚེ་སྲོག་གི་བགྲོད་ལམ”སླར་ཡང་འགག་པ་བཅས་མཐོང་བྱུང་།
     གསར་འགོད་པའི་བཅར་འདྲིའི་རླངས་འཁོར་འདྲེད་བརྡར་ཤོར་བ་དང་ཐ་ན་ལམ་འགྲམ་དུ་ཨ་ལོག་ཐེངས་མང་རྒྱག་གྲབས་བྱས། མཚན་མོ་ལམ་ལ་ཆས་སྐབས་བཅར་འདྲིའི་རླངས་འཁོར་གྱི་སྒོ་ཕྱེ་མི་ཐུབ་པར་གྱུར། རྗེས་སུ་ཤེས་རྟོགས་བྱུང་བར་དེ་ནི་མཚན་མོ་དྲོད་ཚད་དེ་བས་དམའ་བས་རླངས་འཁོར་གྱི་སྒོ་ལ་འཁྱགས་པ་ཐེབས་པས་རེད།
     གངས་སྐྱོན་ཁྲོད་དུ་མི་སེར་གྱི་ཁེ་ཕན་ནི་ཐམས་ཅད་ལས་ལྷག་པ་ཡོད།
     འབྲོག་དུད་གཅིག་གངས་ཁྲོད་དུ་ཉེན་ཁའི་གནས་སུ་གྱར་བ་ཤེས་རྗེས། རྫ་སྟོད་རྫོང་ཨག་སྟོད་ཤང་ཏང་ཨུད་དང་སྲིད་གཞུང་གི་ལས་བྱེད་པས“ཚེ་སྲོག་གོང་དུ་བཀུར་བའི”འདུ་ཤེས་ལ་བརྟེན་ནས་། ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུན་ཏ་ཚེ་རིང་དང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཤང་ཀྲང་ཆུའེ་ཅུན་ནའེ་ཡིས་མཉམ་དུ་རུ་སྣེ་ཁྲིད་པ་དང་། གྲོང་ཚོ་དང་ཚོགས་ཆུང་གི་ལས་བྱེད་པས་གཞོགས་འདེགས་དམ་ཟབ་བྱས་ཏེ“རི་མཐོ་དང་ཁ་བའི་ཁྲོད་རྟ་ལ་བརྟེན་ནས་འབྲུ་རིགས་དབོར་བའི”ལས་དོན་དངོས་སྤེལ་འགོ་བཙུགས།
     གངས་དོང་ཞིག་ནས་གངས་དོང་གཞན་ཞིག་བར་དང་། རི་ཉག་ཅིག་ནས་རི་ཉག་གཞན་ཞིག་བར་ལ་ཀླུང་མང་པོ་བརྒལ་ནས་ལས་བྱེད་པ་རྣམས་ཀྱིས་མཐར་གྲང་འགོག་གྱོན་ཆས་དང“སྲོག་སྐྱོབ་གཟན་རྩྭ”འབྲོག་པ་དཀོན་མཆོག་དབང་རྒྱལ་དང་ཚེ་མཆོག་གི་ལག་ཏུ་སྤྲད་པས་འབྲོག་པ་གཉིས་སེམས་འགུལ་ཐེབས་པའི་མིག་ཆུ་ལྷུང་ལྷུང་དུ་ཤོར།
     རི་ཀླུང་ཁ་བས་བཀླུབས་པའི་ཁྲོད་མཚོ་སྔོན་གྱི་རིམ་ཁག་ལས་བྱེད་པ་དང་མང་ཚོགས་ཚོས་གངས་སྐྱོན་ལས་རྣམ་པར་རྒྱལ་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བར་མི་སེམས་ལ་སྐུལ་མ་ཆེན་པོ་ཐེབས་ཡོད།
     རྫ་སྟོད་རྫོང་ཁྲ་འདམ་ཤང་གི་ཤང་ཀྲང་ལེགས་དགེ་ཚེ་རིང་གི་བཟའ་ཟླར་ཕྲུ་གུ་སྐྱེས་ནས་ཉིན་ཁ་ཤས་ལས་ཕྱིན་མེད་ཀྱང་ཁོང་གིས་བཟའ་ཟླར་བྲེལ་འཚུབ་ངང་སེམས་གསོ་ཕྲན་ཙམ་བཏང་རྗེས་ལས་གནས་ཐོག་བསྐྱོད། ཁོང་གིས“རང་ཉིད་ནང་མི་དང་སྐྱེས་མ་ཐག་བའི་ཕྲུ་གུར་ཧ་ཅང་དགའ་པོ་ཡོད། འོན་ཀྱང་གངས་སྐྱོན་འཕྲད་སྐབས་ཡུལ་མི་སྤུན་མཆེད་ཚོར་ང་དེ་བས་དགོས་མཁོ་ཡོད”ཅེས་བཤད། ཁྲི་འདུ་རྫོང་སྡོམ་མདའ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀུན་དགའ་དོན་གྲུབ་ཕོ་རྒྱུའི་གཤགས་བཅོས་བྱས་མ་ཐག་ཡིན་སྟབས་གྲང་ངར་གྱི་ཁྲོད་ཁོང་གི་རྨ་ཁར་ན་ཟུག་ཚད་མེད་བཏང་ཡང་། གེགས་སེལ་གྱི་འཐབ་ཕྱོགས་དང་པོར་ཁོང་གིས་ཕྱིར་འཐེན་གཏན་ནས་བྱས་མེད། དཔྱིད་གསར་དུས་ཆེན་རིང་ཡུལ་ཤུལ་ཀྲོའུ་ཡི་ལས་བྱེད་པ་ལི་ཡོན་ཧྥང་གཉེན་སྒྲིག་གི་དགའ་སྟོན་ཉིན་མོ་དང་ཏག་ཏག་འཁེལ་བ་དང་། གེགས་སེལ་བྱ་ཡུལ་ནས་ལོག་རྗེས་ཁོང་ཐད་ཀར་གཉེན་སྒྲིག་བྱ་ཡུལ་དུ་བསྐྱོད།
    གངས་ཁྲོད་དུ་ཏང་དར་ལྷབ་ལྷུབ་ཏུ་གཡོ། རི་མཐོ་གཡང་གཟར་གྱི་འབྲོག་ཁུལ་དུ་རྟ་ཐོག་གེགས་སེལ་གྱི་ལས་བྱེད་པ་རྣམས་དར་ཆ་ཞིག་ལ་གྱུར་ཡོད།
     ཁམས་པའི་ཕོ་གཞོན་བཀྲ་ཤིས་ཆོས་བདེ་ནི་ཡུལ་ཤུལ་ཁྲི་འདུ་རྫོང་རྫ་སྟོད་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཡིན་པ་དང་། ཉིན་ཤས་གོང་ཁོང་དང་གྲོང་ཚོ་དང་གྲོང་རྡལ་གྱི་ལས་བྱེད་པ་མཉམ་དུ་གྲོང་རྡལ་དེའི་གནོད་འཚེ་ཚབས་ཆེན་ཕོག་པའི་འབྲི་སྟོད་གྲོང་ཚོ་དང་། དཀའ་རྒོད་གྲོང་ཚོ། གད་ཆེན་གྲོང་ཚོ་སོགས་སུ་སྐྱོད་སྟབས། མུ་མཐའ་མེད་པའི་ཐང་རྒོད་གངས་ཆེན་གྱིས་ཡོངས་སུ་བཀླུབས།
     གེགས་སེལ་གྱི་འཐབ་ཕྱོགས་དང་པོར་མི་12དང་རྟ་12ལས་གངས་སྐྱོན་འཕྲལ་སྡོམ་མཉམ་འབྲེལ་རུ་ཁག་གྲུབ་ཅིང་། རྟ་པོས་ཀྱང་འགྲོ་འདོད་མི་བྱེད་པའི་འབྲོག་ཁུལ་དུ་གེགས་སེལ་ལས་བྱེད་པ་འབྱོར་ཡོད།
     ཡུལ་ཤུལ་ཀྲོའུ་ཁྲི་འདུ་རྫོང་དུ་ཁྱོན་ཤང་དང་གྲོང་རྡལ་7ཡོད། རྩམ་པ་དང་། སྟབས་བདེའི་ཐུག་པ། དེ་བཞིན་ཕོ་ཁེབས་དང་། ཀམ་པ་ལི་སོགས་གེགས་སེལ་དངོས་ཟོག་གནོད་འཚེ་ཕོག་པའི་འབྲོག་པའི་ཁྱིམ་དུ་སྐྱེལ་ཐུབ་པ་བྱ་ཆེད། རླངས་འཁོར་ཤར་གཏོང་མི་ཐུབ་པའི་ཤང་གྲོང་གཞུང་ལམ་ཐོག་བཀྲ་ཤིས་ཆོས་བདེ་རྟ་པོར་མི་བཞོན་ཀ་མེད་དུ་གྱུར།
     ས་བབ་མཐོ་ཚད་སྨི་5000ཙམ་ཟིན་པའི་འབྲི་སྟོད་གྲོང་ཚོར་ཁྱོན་དུད་ཚང་484དང་མི་1786ཡོད་པ་དང་རྫོང་གྲོང་ནས་ཐག་རིང་ཤོས་ཀྱི་འབྲོག་ཁྱིམ་བར་སྤྱི་ལེ་160ཙམ་ཡོད།
     འབྲོག་པ་མང་པོ་ཞིག་གི་སྡོད་གནས་སུ་འཕྲིན་གཏོང་བརྡ་རྟགས་མེད་པས་ལས་བྱེད་པ་ཚོ་རྟ་བཞོན་ནས་འབྲོག་ཁྱིམ་དུ་གེགས་སེལ་དངོས་ཟོག་སྐྱེལ་བར་འགྲོ་བ་དང་ཆབས་ཅིག་གནོད་འཚེ་ཕོག་ཚུལ་དུས་ཐོག་ཏུ་ཤེས་རྟོགས་བྱེད་ཀྱི་ཡོད།
     སྐབས་དེར་གསར་འགོད་པར་གདོང་མཆོང་དཔེ་སྟོན་གྱི་ལས་བྱེད་པ་ཚོས་ལྷག་བསམ་ཟོལ་མེད་ངང་གེགས་སེལ་གྱི་མཐའ་མའི་འགག་གནད་དུ་བསྐྱོད་པ་མ་ཟད། ཐག་རིང་ཤོས་ཀྱི་འབྲོག་ཁྱིམ་དུ་དྲོ སྐྱིད་ཚོར་བར་བྱས་ཡོད།
༄༅།།ཡུལ་ཤུལ་གེགས་ཁུལ་གྱི་མཐའ་མའི་འགག་གནད་དུ་བསྐྱོད་པ།