འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་27ཉིན།

༄༅།།བརྙན་འཕྲིན་དངོས་མཚོན་པར་གཞི་《གླིང་རྗེ་གེ་སར་རྒྱལ་པོའི་རྟོགས་བརྗོད》མཚོ་སྔོན་དུ་ཐོག་མར་བསྟན་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་27ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་2ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་23ཉིན་གྱི་དགོང་མོར། ལོ་རྒྱུས་སྙན་ངག་《གླིང་སྒྲུང》ཕྱོགས་ཡོངས་ནས་མངོན་པར་བྱེད་པའི་རང་རྒྱལ་གྱི་བརྙན་འཕྲིན་དངོས་མཚོན་པར་གཞི་ཆེ་གྲས་དང་པོ་《གླིང་རྗེ་གེ་སར་རྒྱལ་པོའི་རྟོགས་བརྗོད》མཚོ་སྔོན་གྱི་སྲུང་སྐར་བརྙན་ལམ་ནས་ཐོག་མར་བསྟན་པ་རེད། པར་གཞི་དེ་ནི་ཧྲང་ཧའེ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་དངོས་མཚོན་བརྙན་ལམ་གྱིས་བཟོས་པ་དང་ཧྲང་ཧའེ་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་། མཚོ་སྔོན་ཞིང་ཨུད་དྲིལ་བསྒྲགས་པུའུ། ཧྲང་ཧའེ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས། མཚོ་སྔོན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་བཅས་ཀྱིས་མཉམ་དུ་བཏོན་པ་ཞིག་རེད། དེ་ནི་ཧྲང་ཧའེ་ཡིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཞིབ་ཕྲའི་བྱ་ཐབས་གཞན་ཞིག་ཀྱང་རེད། ལེའུ་གསུམ་ལ་ཕྱེ་བའི་པར་གཞི་དེར་གནའ་རབས་བོད་རིགས་སྤྱི་ཚོགས་ཀྱི་རིག་གནས་ཀུན་བཏུས་སུ་གྲགས་པའི་ལོ་རྒྱུས་སྙན་ངག་《གེ་སར》གྱི་འཁྲུངས་ཡུལ་གྱི་ས་ཁམས་ཁོར་ཡུག་དང་མི་རིགས་རིག་གནས་ཀྱི་འབྱུང་ཁུངས་འཆད་པ་དང་། གེ་སར་རིག་གནས་ཀྱི་ཁྱབ་ཁོངས་དཔེ་རིས་མཚོན་པར་བྱས་པ་མ་ཟད། ད་དུང་མཚོ་བོད་ས་མཐོའི་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་ས་ཁམས་ཆགས་ཚུལ་དང་། མི་རིགས་ཀྱི་ཉམས་འགྱུར། རྩྭ་ཐང་གི་ཤེས་དཔལ། གེ་སར་སྒྲུང་པའི་ངོ་མཚར་གཏམ་རྒྱུད་བཅས་འཛམ་གླིང་དུ་མངོན་པར་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། དངོས་མཚོན་པར་གཞིའི་འཁྲབ་ཁྲིད་ཚོགས་ཆུང་གིས་མཚོ་སྔོན་དུ་ཐེངས་མང་བསྐྱོད་དེ་ཐོག་མའི་དཔྱད་གཞི་བསྡུ་རུབ་བྱས་པ་མ་ཟད། མཚོ་སྔོན་ཞིང་ཆེན་མགོ་ལོག་ཀྲོའུ་དང་། རྨ་ལྷོ་ཀྲོའུ། ཡུལ་ཤུལ་ཀྲོའུ་བཅས་ཀྱི་རྫོང་དང་ཆུས་མང་པོའི་དམངས་ཁྲོད་སྒྱུ་རྩལ་པར་བཅར་འདྲི་བྱེད་པར་བསྐྱོད་ཡོད། པར་ལེན་ཚོགས་པས་མཚོ་སྔོན་དང་། བོད་ལྗོངས། སི་ཁྲོན། ཀན་སུའུ་སོགས་ས་ཁུལ་གྱི་བོད་རིགས་འབྲོག་ཁུལ་དུ་བསྐྱོད་ཅིང་། ས་བབ་མཐོ་ཚད་སྨི་4000ཡན་གྱི་ས་ཁོངས་ནས་དུས་བཞིའི་ཡུལ་ལྗོངས་དང་། སྒྲུང་པ། དམངས་སྲོལ་འཚོ་བ་བཅས་པར་དུ་བླངས་པ་མ་ཟད། ད་དུང་པེ་ཅིང་སོགས་ཀྱི་གེ་སར་རིག་པ་དང་། བོད་རིག་པ། རྩོམ་རིག མིའི་རིགས་རིག་པ། ལོ་རྒྱུས། ས་ཁམས་སོགས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་ལ་བཅར་འདྲི་ཞུས་ནས་རིན་ཐང་ཆེ་བའི་གེ་སར་གྱི་ལོ་རྒྱུས་མཚོན་པའི་སྙན་ངག་གི་ཚད་ལྡན་ཡིག་ཆ་མང་པོ་ཞིག་ཀྱང་པར་དུ་བླངས་ཡོད།
     མཚོ་སྔོན་ཞིང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཀྲང་ཤིས་མིང་དངོས་མཚོན་པར་གཞིའི་སྨྱན་སྦྱོར་ངོ་འཕྲད་ཚོགས་འདུ་དང་མཚོ་སྔོན་གྱི་སྲུང་སྐར་བརྙན་འཕྲིན་ལས་ཁུངས་ཀྱིས་པར་ ཕུད་མཛད་སྒོར་ཞུགས་སྐབས། དངོས་མཚོན་པར་གཞི་བདེ་བླག་ངང་བསྟན་པ་དང་རྒྱ་ཁྱབ་ཏུ་བརྒྱུད་གཏོང་བྱས་པ་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་ལྷག་པར་དུ་རྒྱ་ཆེའི་བོད་རིགས་མང་ཚོགས་ཀྱི“མོས་སེམས་ལྔ”ཆེ་རུ་གཏོང་བ་དང་དེ་བཞིན་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་ཐུན་མོང་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བར་མཚོན་ན་དགེ་མཚན་ལྡན་པའི་དོན་སྙིང་དང་རྒྱང་རིང་གཏིང་ཟབ་ཀྱི་རིག་གནས་ཀྱི་དོན་སྙིང་ཧ་ཅང་ཟབ་མོ་ལྡན་ཡོད། 《གླིང་སྒྲུང》ནི་བོད་རིགས་ཀྱི་དམངས་ཁྲོད་རིག་རྩལ་བརྩམས་ཆོས་རྩེ་གྲ་ཞིག་རེད་ལ། འཛམ་གླིང་གི་དཔའ་བོའི་ལོ་རྒྱུས་སྙན་ངག་རིང་ཤོས་ཤིག་ཀྱང་རེད། མིག་སྔར་སྒྲུང་དེབ་120ལྷག་ཙམ་དང་། སྙན་ངག་ཤོ་ལོ་ཀ་ཁྲི་100ལྷག་ཙམ། ཡིག་འབྲུ་ཁྲི་2000ལྷག་ཙམ་བཅས་ཡོད། 2009ལོའི་ཟླ་དགུ་པར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་རྩ་འཛུགས་ཀྱིས《གླིང་སྒྲུང》འཛམ་གླིང་གི་དངོས་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་དུ་བཅུག་པ་རེད།