འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་22ཉིན།

༄༅༎གངས་སྐྱོན་གྱིས་ཡུལ་ཤུལ་ལ་ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་ཁྲི་6548བཟོས་པ། རྒྱལ་ཁབ་གནོད་འཚེ་
ཉུང་གཏོང་ཨུ་ལྷན་དང་འཕྲལ་སྡོམ་དོ་དམ་པུས་གེགས་སེལ་འཕྲམ་སྡོམ་བྱ་སྤྱོད་སྤེལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་22ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     གེགས་སེལ་མ་དངུལ་སྒོར་ཁྲི་6500ལྷག་ཙམ་བཏང་བ་དང་། འགྲོ་ལམ་སྤྱིར་ན་ཤར་གཏོང་ཐུབ་པ། གནོད་འཚེ་ཕོག་ཁུལ་གྱི་གཟན་ཆག་གྲབས་གསོག་བལྟོས་བཅས་ཀྱིས་འདང་ངེས་ཡོད་པས་ཞིང་འབྲོག་པའི་གཞི་རྩའི་འཚོ་བ་འགན་ལེན་ཡོད་པ་རེད།
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་19ཉིན་གློག་འཕྲིན་འབྱོར་གསལ། འདི་ལོའི་ཟླ་དང་པོ་ཚུན་དུ། མཚོ་སྔོན་ཞིང་ཆེན་གྱི་ས་ཆ་མང་ཆེ་བར་གངས་བབས་པའི་གནམ་གཤིས་བསྟུད་མར་བསྟན་པས་ཡུལ་ཤུལ་ཀྲོའུ་རུ་གངས་སྐྱོན་ཆེན་པོ་ཐོན་ཞིང་། ཞིང་འབྲོག་པ་ཁག་གཅིག་གི་འཚོ་བར་དཀའ་ངལ་འཕྲད་པ་མ་ཟད། ཕྱུགས་རིགས་མང་ཆེ་བ་གཟན་ཆག་དཀོན་པས་ཤི་ཡོད་པ་རེད།
     གསར་འགོད་པར་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱུང་གསལ། གནོད་འཚེའི་གནས་ཚུལ་གཞིར་བཟུང་རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ཨུ་ལྷན་དང་འཕྲལ་སྡོམ་དོ་དམ་པུས་རྒྱལ་ཁབ་ཀྱི་IVརིམ་པའི་གེགས་སེལ་འཕྲལ་སྡོམ་བྱ་སྤྱོད་སྤེལ་ཏེ་མཚོ་སྔོན་ཞིང་ཆེན་གྱི་གངས་སྐྱོན་ཕོག་ཁུལ་དུ་ལས་དོན་ཚོགས་ཆུང་མངགས་ནས་ས་གནས་ས་ཐོག་ཏུ་གནོད་འཚེའི་གནས་ཚུལ་ལ་གཟིགས་ཞིབ་བྱས་པ་མ་ཟད། ས་གནས་ཀྱི་གེགས་སེལ་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་དང་གཞོགས་འདེགས་ཀྱང་བྱས་པ་རེད།
     མཚོ་སྔོན་ཞིང་ཆེན་འཕྲལ་སྡོམ་ཐིང་གི་སྙན་ཞུ་གཞིར་བཟུང་། ཟླ་2ཚེས་19ཉིན་གྱི་ཆུ་ཚོད་17པའི་བར་ཡུལ་ཤུལ་ཀྲོའུ་ཡི་གྲོང་ཁྱེར་1དང་། རྫོང་5 ཤང་དང་གྲོང་རྡལ་28 དུད་ཚང་12931གི་མི་58289བཅས་ལ་གནོད་འཚེ་ཕོག་ནས་རོགས་སྐྱོབ་བྱེད་དགོས་པ་དང་། ཕྱུགས་རིགས་མགོ་གྲངས་ཁྲི་68.8ལ་གཟན་ཆག་དཀོན་པ། ཕྱུགས་རིགས་མགོ་གྲངས་ཁྲི་2.1ཤི་ནས་ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་ཁྲི་6548ཕོག་ཡོད། མིག་སྔར་གེགས་འགོག་གེགས་སེལ་གྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་། ཞིང་ཆེན་དང་། ཀྲོའུ། རྫོང་བཅས་རིམ་པ་ཁག་གིས་རིམ་རྩིས་བྱས་ན་གེགས་སེལ་མ་དངུལ་སྒོར་ཁྲི་6500ལྷག་བཏང་བ་དང་། གནོད་འཚེ་ཕོག་པའི་གྲོང་གསེབ་ཁག་ཏུ་བསྐྱོད་པའི་འགྲོ་ལམ་སྤྱིར་ན་ཤར་གཏོང་ཐུབ་སྟེ་གནོད་འཚེ་ཕོག་ཁུལ་གྱི་གཟན་ཆག་གྲབས་གསོག་བལྟོས་བཅས་ཀྱིས་འདང་ངེས་ཡོད་པས་ཞིང་འབྲོག་པའི་གཞི་རྩའི་འཚོ་བ་འགན་ལེན་ཡོད་པ་རེད།