འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་21ཉིན།

༄༅༎བོད་ཀྱིས་ལྗོན་ཤིང་མེད་པའི་གྲོང་ཚོ་དང་ལྗོན་ཤིང་མེད་པའི་དུད་ཚང་80%ཉུང་དུ་བཏང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་21ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་2ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་གཉིས་རིང་བོད་ཀྱིས“ལྗོན་ཤིང་མེད་པའི་ཤང་གྲོང་དང་། ལྗོན་ཤིང་མེད་པའི་གྲོང་ཚོ། ལྗོན་ཤིང་མེད་པའི་སྒོ་ར། ལྗོན་ཤིང་མེད་པའི་ཞིང་དུད། ཤིང་འཛུགས་སྟོང་ཆ”བཅས“མེད་པ་ལྔ”ཡི་བྱ་སྤྱོད་ཤུགས་ཆེན་སྤེལ་ཞིང་། མིག་སྔར་ས་བབ་མཐོ་ཚད་སྨི་4300མན་གྱི་ས་ཁུལ་གྱི“ལྗོན་ཤིང་མེད་པའི་གྲོང་ཚོ”863དང་། “ལྗོན་ཤིང་མེད་པའི་དུད་ཚང”ཁྲི་8.32ལྷག་ཙམ་ཉུང་དུ་བཏང་བ་དེ་སྤྱིའི་འཆར་གཞིའི་80%ཟིན་ཡོད།
     ནགས་བཟོ་སྔོ་འགྱུར་གྱི་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་ཆེད། བོད་རང་སྐྱོང་ལྗོངས་ཀྱིས་རང་སྐྱོང་ལྗོངས་དང་། ས་ཁུལ(གྲོང་ཁྱེར) རྫོང(ཆུས)བཅས་རིམ་པ་གསུམ་གྱི་ནོར་སྲིད་ཀྱིས་ཐུན་མོང་ཐོག་མ་དངུལ་གཏོང་བ་དང་། སྤྱི་ཚོགས་ཀྱི་མ་རྩ་རྒྱ་ཁྱབ་ངང་ཞུགས་པའི་གཏོང་ཆའི་ལམ་སྲོལ་བཙུགས་ཤིང་། མིག་སྔར་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་3.25བཏང་སྟེ་སྡོང་ཕྲུག་ཉོ་སྒྲུབ་དང་། འདེབས་འཛུགས་ལག་ཆ་དང་སྒྲིག་ཆས། ཞིང་སྨན་སོགས་དངོས་ཟོག་ཐད་དུ་མ་དངུལ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་ཡོད།
     ས་ཁོངས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་ལྷོ་ཁ་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་གྱིས་ས་བབ་སྨི་4300ཡན་གྱི་ས་ཁུལ་དུ་རང་ཡུལ་གྱི་ཤིང་སོན་བདམས་ནས་ཚོད་འདེབས་ལས་དོན་སྤེལ་བ་དང་། ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གིས་སྡོང་ཕྲུག་ར་བའི་རིགས་གཅིག་མཁས་ཅན་དང་སྦྲེལ་མཐུད་སྲུང་སྐྱེལ་བྱེད་སྟངས་སྤྱད་དེ“ཞིང་ནགས་མཉམ་འདྲེས་དང་། ལོ་མ་ཕྲ་ལེབ་མཉམ་འདྲེས། ཚོན་མདོག་སྣ་མང་། དུས་ཚིགས་ཁ་གསལ”བཅས་ཀྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་རེད། གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་གིས“ཀུང་སི+ཞིང་དུད”ཀྱི་བྱེད་སྟངས་སྤྱད་པས་སྡོང་ཕྲུག་གསོན་ཚད་མཐོ་རུ་ཕྱིན་པ་མ་ཟད། “ལྗང་མདོག་ལས་གནས་སུ་ལས་ཞུགས”དང“ལྗང་མདོག་དམངས་ཕྱུག”ལ་སྐུལ་ཁྲིད་ཀྱང་ཐུབ་པ་རེད། ཞིང་འབྲོག་མང་ཚོགས་ནགས་བཟོ་སྔོ་འགྱུར་དང་བྱེ་འགོག་བྱེ་བཅོས་སོགས་སྣོད་བཅུད་འདུ་འགོད་འཛུགས་སྐྲུན་ལ་ཞུགས་པར་སྐུལ་ལྕག་དང་ཁྲིད་སྟོན་བྱས་པས་བོད་དུ་ལོ་ལྟར་ཞིང་འབྲོག་མང་ཚོགས་ཁྲི་10ལྷག་ཙམ་ལ་མི་རེར་ཆ་སྙོམས་འབབ་འཕར་སྒོར་3000ལྷག་བྱུང་ཡོད།
     ནག་ཆུ་གྲོང་ཁྱེར་ལ་མཐོ་གྲང་ཤིང་འཛུགས་ཀྱི་ཚོད་འདེབས་ལས་དོན་སྤེལ་བར་རྒྱབ་སྐྱོར་བྱ་ཆེད། བོད་རང་སྐྱོང་ལྗོངས་ཀྱིས་མ་དངུལ་སྒོར་ཁྲི་1000བཏང་སྟེ་མུའུ་170ཟིན་པའི་ཚོད་འདེབས་ཁུལ་བཙུགས་པ་དང་། རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ཆེད་སྤྱོད་མ་དངུལ་སྒོར་ཁྲི་118བཏང་བ་དེ་དག་ནག་ཆུའི་འདེབས་འཛུགས་ལྗོན་ཤིང་གི་དགུན་སྒྲོལ་འགོག་སྲུང་གི་ལས་དོན་ལ་སྤྱད་པ་རེད། མིག་སྔར་ནག་ཆུ་གྲོང་ཁྱེར་གྱིས་ལྗོན་ཤིང་མེད་པའི་གྲོང་ཚོ་257དང་ལྗོན་ཤིང་མེད་པའི་དུད་ཚང་14672ཉུང་དུ་བཏང་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ས་བབ་མཐོ་ཚད་སྨི་4300མན་གྱི“ལྗོན་ཤིང་མེད་པའི་གྲོང་ཚོ”དང“ལྗོན་ཤིང་མེད་པའི་དུད་ཚང”མེད་པའི་བརྩོན་ལེན་ཧུར་ཐག་བྱེད་བཞིན་ཡོད་པ་རེད།