འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་19ཉིན།

༄༅༎སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་འགལ་ངང་མ་རྩ་བསྡུ་རུབ་ཀྱི་ཉེས་གསོག་དོགས་ཡོད་P2Pདྲ་རྒྱའི་
དངུལ་བུན་ལས་སྟེགས་ལ་ཁྲིམས་ལྟར་རྡུང་རྡེག་བཏང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་19ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་17ཉིན་གློག་འཕྲིན་འབྱོར་གསལ། 2018ལོའི་ཟླ་6པ་ནས་བཟུང་། P2Pདྲ་རྒྱའི་དངུལ་བུན་ལས་སྟེགས་ཀྱི་ཉེན་ཁ་ཡང་ཡང་ཐོན་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་བཟོས་པ་མ་ཟད། ཁྲོམ་རའི་དཔལ་འབྱོར་སྒྲིག་ལམ་དཀྲུགས་པ་རེད། སྤྱི་བདེ་པུས་གནད་དོན་དེར་ཚད་མཐོའི་མཐོང་ཆེན་བྱས་ཏེ་འཕྲལ་མར་ས་ཁུལ་ཁག་གི་སྤྱི་བདེ་ལས་ཁུངས་ཀྱིས་ཏང་ཨུད་དང་སྲིད་གཞུང་གི་གཅིག་གྱུར་འགོ་ཁྲིད་འོག འབྲེལ་ཡོད་ལྟ་སྐུལ་དོ་དམ་སྡེ་ཚན་དང་འབྲེལ་བ་དམ་ཟབ་བྱས་ཏེ་ཁྲིམས་བཞིན་བརྟག་ཞིབ་གྱོད་སྒྲུབ་ལས་དོན་སྤེལ་ནས་ནུས་ཤུགས་ཡོད་རྒུས་བྲོས་འདེད་དངུལ་འདེད་བྱས་ནས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་དང་ཁྲོམ་རའི་དཔལ་འབྱོར་སྒྲིག་ལམ་ནུས་ཤུགས་ཡོད་རྒུས་སྲུང་དགོས་པའི་བཀོད་སྒྲིག་བྱས་པ་རེད། མིག་སྔའི་བར། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་འགལ་ངང་མ་རྩ་བསྡུ་རུབ་ཀྱི་ཉེས་གསོག་དོགས་ཡོད་དྲ་རྒྱའི་དངུལ་བུན་ལས་སྟེགས་380ལྷག་ཙམ་ཁྲིམས་བཞིན་གྱོད་དོན་ཐོ་འགོད་བྱས་ནས་བརྟག་ཞིབ་བྱས་པ་དང་། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། སྒོ་ཐེལ་རྒྱག་པ་དང་། བཙན་ཉར། བཀག་འཇོག་བཅས་བྱས་པའི་གྱོད་འབྲེལ་མ་རྩའི་རིན་ཐང་སྒོར་དུང་ཕྱུར་བརྒྱ་ལྷག་ཙམ་ཟིན་ཡོད་པ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། P2Pདྲ་རྒྱའི་དངུལ་བུན་ལས་སྟེགས་ཀྱིས་ཁྲིམས་འགལ་ངང་མ་རྩ་བསྡུ་རུབ་བྱས་པའི་ཉེས་གསོག་གྱོད་གཞིར་གཤམ་གསལ་གྱི་ཁྱད་ཆེན་གཙོ་བོ་མངོན་པ་སྟེ།
     གྱོད་གཞི་ཐོན་མང་བ། 2018ལོའི་ཟླ་6ནས་བཟུང་། ས་ཁུལ་ཁག་གཅིག་གི་P2Pདྲ་རྒྱའི་དངུལ་བུན་ལས་སྟེགས་ཀྱི་མ་འཇོག་མང་ཚོགས་ཀྱིས་གཅིག་སྡུད་ཐོག་གྱོད་དོན་སྙན་ཞུ་བྱས་པ་དང་གྱོད་གཞི་ཐོན་མང་བའི་སྣང་ཚུལ་མངོན་གསལ་དོད་པོ་ཡོད་པ་དང་།
     མགོ་སྐོར་རང་བཞིན་ཆེ་བ། ཉེས་གསོག་དོགས་ཅན་གྱིས་དངུལ་རྩ་གསར་གཏོད་ལ་ཁ་གཡར་བ་དང་སྐྱེད་ཀ་མཐོ་པོ་སྤྲད་ནས་བསླུ་བྲིད་བྱས་ཏེ“རང་གི་ཆེད་དུ་མ་དངུལ་མཉམ་བསྡུ”དང“མ་དངུལ་བཏོན་མཁན་གྱི་མ་དངུལ་གཅིག་སྡུད་བྱེད་པ”སོགས་ཀྱི་བཀག་འགོག་རང་བཞིན་གྱི་གཏན་འབེབས་ལས་འགལ་ཏེ་དྲིལ་བསྒྲགས་རྫུས་མ་བྱེད་པ་དང་། མ་འཇོག་བྱ་ཡུལ་རྫུན་བཟོ་བྱེད་པ། རང་དགར་བདག་བཟུང་དང་ལོངས་སྤྱོད་བཅས་བྱས་ཏེ་ཁྲིམས་འགལ་མ་རྩ་བསྡུ་རུབ་བྱེད་པའི་ཉེས་གསོག་བྱེད་སྤྱོད་སྤེལ་གྱི་ཡོད།
     བྲོས་པ་དང་གབ་པའི་སྣང་ཚུལ་མངོན་གསལ་དོད་པ། བརྟག་དཔྱད་བྱས་པ་བརྒྱུད། ལས་སྟེགས་ཀྱི་དོན་དངོས་ཚོད་འཛིན་མི་སྣ་དང་མཐོ་རིམ་དོ་དམ་མི་སྣ་གྱོད་གཞི་མ་ཐོན་གོང་ནས་འབྲེལ་གཏུག་བྱེད་མི་ཐུབ་པ་དང་བྲོས་པ་དང་གབ་མཁན་ཁོ་ན་བརྒྱ་ལྷག་ཙམ་ཟིན་པའི་ནང་ཁག་གཅིག་ཕྱི་རྒྱལ་དུ་བྲོས་ཟིན་པ་དང་། ཐ་ན་ཁག་གཅིག་གིས་སྔ་སྣུར་ནས་ཕུང་གསུམ་པའི་རྒྱལ་ཁབ་ཀྱི་ལག་ཁྱེར་བཟོས་ཏེ་བྲོས་བྱོལ་གྱི་གྲ་སྒྲིག་བྱེད་ཀྱི་ཡོད་པ་བཅས་རེད།
     སྤྱི་བདེ་པུས་དེར་ཚད་མཐོའི་མཐོང་ཆེན་བྱས་ཏེ་ས་ཁུལ་ཁག་གི་སྤྱི་བདེ་ལས་ཁུངས་ཀྱིས་འགན་ནུས་འདོན་སྤེལ་གང་ལེགས་བྱ་རྒྱུར་སྐུལ་འདེད་དང་མཛུབ་ཁྲིད་བྱས་ནས་ཁྲིམས་བཞིན་བརྟག་དཔྱད་གྱོད་སྒྲུབ་བྱས་ཐོག་ནུས་ཤུགས་ཡོད་རྒུས་ཉེན་ཁ་འགོག་ཟོན་དང་བསལ་ཡོད། ས་ཁུལ་ཁག་གི་སྤྱི་བདེ་ལས་ཁུངས་ཀྱིས་མགྱོགས་མྱུར་དང་ལེན་དང་བྱ་སྤྱོད་ཧུར་ཐག་སྤེལ་བ་དང་། ལྷག་པར་དུ་པེ་ཅིང་དང་། ཧྲང་ཧའེ། ཀྲེ་ཅང་། ཀོང་ཏུང་སོགས་ས་ཁུལ་གྱི་སྤྱི་བདེ་ལས་ཁུངས་ཀྱིས་རང་འགུལ་ངང་ལས་དོན་བསྒྲུབས་ཏེ་འཇོན་ཐང་ཆེ་བའི་ཉེན་རྟོག་པ་འཐེན་གཏོང་བྱས་ནས་བྱ་ཐབས་སྣ་མང་སྤྱད་དེ་ནུས་ཤུགས་ཡོད་རྒུས་ཁྲིམས་བཞིན་ལས་འགན་བསྒྲུབས་ཡོད།