འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་19ཉིན།

༄༅༎ཞི་བདེའི་སྟོབས་ཤུགས་ཀྱིས་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་དབང་འཕྲོག་པ་བྱས།

——“འཛམ་གླིང་གི་ཞི་བདེ་སྲུང་མཁན་ཀྲུང་གོའི་དམག་དཔུང”གི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་གྱི་ཟུར་བྲིས།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་19ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཀྲུང་གོའི་དམག་དཔུང་། ཞི་བདེའི་སྟོབས་ཤུགས་ཀྱིས་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་དབང་འཕྲོག་བཞིན་ཡོད།
     ཉིན་ཤས་བསྟུད་མར། “འཛམ་གླིང་གི་ཞི་བདེ་སྲུང་མཁན་ཀྲུང་གོའི་དམག་དཔུང”གི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ལ་ཉིའུ་གཡོད་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུར་དོ་ཁུར་རྒྱ་ཁྱབ་ངང་ཐོབ་ཅིང་། འཛམ་གླིང་ས་གནས་ཁག་ནས་སླེབས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་མི་སྣ་དང་། མཉམ་འབྲེལ་རྒྱལ་ཚོགས་སུ་བཅའ་སྡོད་རྒྱལ་ཁབ་ཁག་གི་འཐུས་མི་ཚོགས་པའི་དཔོན་རིགས། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཞུགས་མི་སྣ། རྒྱལ་ཁོངས་མི་འདྲ་བ་དང་ཤ་རྩི་མི་འདྲ་བའི་ཡུལ་སྐོར་བ་སོགས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་འགྲེམས་པང་གི་ མདུན་དུ་འགྲོ་མཚམས་བཞག་ནས་ཞིབ་ལྟ་བྱས་པ་རེད།
     མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ལ་ཞུགས་པ་ནས་རྒྱལ་སྤྱིའི་མཚོ་ལམ་གྱི་བདེ་འཇགས་སྲུང་བའི་བར་དང་། རྒྱལ་སྤྱིའི་གནོད་འཚེ་རོགས་སྐྱོབ་ལ་ཞུགས་པ་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱས་པའི་བར་ནས་བདེ་འཇགས་སྤེལ་རེས་མཉམ་ལས་བྱས་པའི་བར་གྱི་ཡིག་རིས་སྤེལ་བའི་འགྲེམས་པང་ལས། ཀྲུང་གོའི་དམག་དཔུང་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་ལ་ཞུགས་པའི་ལོ་རྒྱུས་གསོན་ཉམས་དོད་པོས་གསལ་བཤད་བྱས་ཡོད།
     འགག་རྩའི་སྟོབས་ཤུགས། འགག་རྩའི་རྒྱབ་སྐྱོར།
     བརྗོད་དོན་གཙོ་བོའི་འགྲེམས་སྟོན་བྱ་ཡུལ་དུ་ཀྲུང་གོའི་ཐད་འཕུར་གནམ་གྲུའི་ཡན་ལག་རུ་ཁག་ཐོག་མ་དེ་སུའུ་ཏན་དུ་འབྱོར་བའི་པར་རིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པ་ཧ་ལེ་ཡི་མིག་དབང་འཕྲོགས།
     ཁོང་གིས་འགྲེམས་པང་ངོས་ཀྱི་པར་རིས་དེར་ལྟ་བཞིན།“འདི་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་ལ་དགོས་གལ་ཤིན་ཏུ་ཆེ་བའི་འགག་རྩའི་བྱ་སྤྱོད་ཀྱི་སྟོབས་ཤུགས་ཤིག་རེད”ཅེས་བཤད་པ་དང་། ཁོང་གིས་འགྲེམས་སྟོན་ལས་མི་རྣམས་ལ་བག་ཆགས་ཟབ་མོ་བྱུང་བ་ལས་ཀྲུང་གོ་ནི་ཞི་བདེ་སྲུང་སྐྱོང་གི་བྱ་སྤྱོད་དང་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་མཁན་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པ་མཚོན་ཐུབ་ཅེས་བཤད།
     1990ལོ་ཚུན་དུ་ཀྲུང་གོའི་དམག་དཔུང་གིས་སྔ་རྗེས་སུ་ཞི་བདེ་སྲུང་སྐྱོང་གི་བྱ་སྤྱོད་ཁག་24ལ་ཞུགས་པ་དང་ཞི་བདེ་སྲུང་སྐྱོང་གི་དམག་དོན་མི་སྣ་མི་ཐེངས་ཁྲི་3.9བཏང་བ་ལས། ཀྲུང་གོའི་དམག་མི་13ཞི་བདེ་སྲུང་སྐྱོང་གི་འཐབ་ས་དང་པོར་རང་སྲོག་ཤོར་བ་རེད།
     ཧ་ལེ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་གི་བྱ་སྤྱོད་ལ་ཀྲུང་གོས་ནུས་པ་གལ་ཆེན་བཏོན་པར་ཚད་མཐོའི་གདེང་འཇོག་བྱས་ཤིང་། ཁོང་གིས་ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་གྱི་ལས་འཛིན་རྒྱལ་ཁབ་ཅིག་ཡིན་ལ་ཞི་བདེ་སྲུང་སྐྱོང་གི་བྱ་སྤྱོད་ལ་དམག་མི་མང་ཤོས་བཏང་བའི་རྒྱལ་ཁབ་ཅིག་དང་ཞི་བདེ་སྲུང་སྐྱོང་ལ་མ་དངུལ་གཏོང་མཁན་རྒྱལ་ཁབ་ཆེ་གྲས་ཨང་གཉིས་པ་དེའང་རེད་ཅེས་བཤད།
     མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་དམག་དོན་བློ་འདྲི་བ་ཀྲུང་ཅང་དམག་དཔོན་ལེ་དབྱི་ཐེ་ཡིས“ཀྲུང་གོའི་ཆེས་གལ་ཆེའི་རྒྱབ་སྐྱོར་མེད་ཚེ་ང་ཚོའི་ཞི་བདེ་སྲུང་སྐྱོང་གི་བྱ་སྤྱོད་ལ་ད་ཆ་ཐོབ་པའི་གྲུབ་འབྲས་འདི་དག་ཡོང་མི་སྲིད”ཅེས་བཤད་པ་དང་། ཁོང་གིས་ཀྲུང་གོས་ཞི་བདེ་སྲུང་སྐྱོང་གི་བྱ་སྤྱོད་ལ་ལེགས་སྐྱེས་ཕུལ་བར་རྒྱས་བཤད་དང་རྒྱས་འབྲི་བྱེད་རིན་ཡོད་པ་དང་། ཀྲུང་གོས་མངགས་པའི་ཞི་བདེ་སྲུང་སྐྱོང་མི་སྣའི་བྱང་ཚད་མཐོ་བ་མ་ཟད། ་ད་དུང་ཞི་བདེ་སྲུང་སྐྱོང་མི་སྣར་གསོ་སྦྱོང་བྱེད་པའི་ཐད་གཟེངས་སུ་ཐོན་པའི་ལེགས་སྐྱེས་ཕུལ་ཡོད་པའི་ངོས་འཛིན་བྱས།
     ཀྲུང་གོའི་གྲོགས་པོ། ཀྲུང་གོའི་མིག་དཔེ།
     ཀྲུང་གོས་འཛམ་གླིང་ཞི་བདེ་འཕེལ་རྒྱས་ལ་ཕུལ་བའི་ལེགས་སྐྱེས་ནི་ལྟ་སྐོར་བ་མང་པོས་ཤེས་གསལ་རེད།
     “ང་ཚོ་ནི་གྲོགས་པོ་བློས་ཐུབ་ཡིན་ལ་སྤྲོ་སྣང་ལྡན་པའི་མཉམ་ལས་ཀྱི་ཉམས་མྱོང་ཡང་ཡོད” མཉམ་འབྲེལ་རྒྱལ་ཚོགས་ཞི་བདེ་བྱ་སྤྱོད་པུའི་ཧྲང་ཞའོ་དམག་དཔོན་ལེ་མོང་ཏེ་དེ་སྔ་མཉམ་འབྲེལ་རྒྱལ་ཚོགས་ལི་པེ་རི་ཡ་ཆེད་མངགས་ཚོགས་པར་ལས་ཀ་ལོ་གཅིག་དང་ལོ་ཕྱེད་བྱེད་མྱོང་བས་ཀྲུང་གོའི་དམག་མི་མང་པོ་ངོ་ཤེས་ཀྱི་ཡོད། ཀྲུང་གོའི་དམག་མིར་བག་ཆགས་ཡོད་མེད་སྐོར་གླེང་སྐབས་ཁོང་གིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པའི་ངང“ཧ་ཅང་ཡག་པོ་འདུག ཧ་ཅང་ཡག་པོ་འདུག”ཅེས་བཤད།
     འགྲེམས་སྟོན་གྱི་ནང་དོན་གྱིས་ཀྱང་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀེ་རི་སེའི་འཐུས་མི་ཚོགས་པའི་དམག་དོན་བློ་འདྲི་བ་ཧྲང་ཞའོ་དམག་དཔོན་ཏི་སྨི་ལི་ཨོ་སི་ལ་དྲན་ཚོར་མང་པོ་བྱུང་ཡོད། 2014ལོར་ཁོང་བཀོད་འདོམས་དཔོན་གྱི་ངོས་ནས་ལི་པི་ཡའི་ཕྱི་རྒྱལ་གྱི་སྤྱི་དམངས་ཕྱིར་འཐེན་བྱ་སྤྱོད་ལ་ཞུགས་པ་ནས་ད་བར་ཁོང་གིས་སྔར་བཞིན་སྐབས་དེ་དུས་ཀྱི་བྱ་སྤྱོད་ལ་སྤོབས་པ་ཆེན་པོ་བྱེད་ཀྱི་ཡོད་པ་དང་། དེའི་རིང་ཀྲུང་གོའི་དམག་མིའི་ཕུལ་བྱུང་གི་རྣམ་འགྱུར་ལས་ཁོང་ལ་དེ་བས་བག་ཆགས་ཟབ་མོ་བྱུང་ཡོད་པ་རེད།
     མི་ཆོས་ཀྱི་ཐུགས་ཁུར། དྲོ་སྐྱིད་ལྡན་པའི་སྟོབས་ཤུགས།
     འགྲེམས་ཁུལ་ནས་འགྲོ་སྐབས་ལྟད་མོ་བ་མང་པོས་པར་རིས་གཅིག་གི་མདུན་དུ་ཡུན་རིང་ལངས་ནས་སྡོད་ཀྱི་ཡོད། པར་རིས་དེ་ནི་སྲོག་ཆགས་ཆེ་ཆུང་མང་པོ་མཉམ་དུ་བསྐོར་ཏེ་གཞོགས་གཅིག་གི་ཆུ་རྫིང་ནས་ཆུ་འཐུང་བཞིན་ཡོད་པ་དང་པར་རིས་ཀྱི་གཡས་ཟུར་འོག་མར་ཁྲབ་རྨོག་སྔོན་པོ་གྱོན་པའི་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དམག་མི་ཞིག་གིས་ཆུ་འཁོར་སྐོར་བཞིན་ཡོད།
     ད་རེས་འགྲེམས་སྟོན་བྱས་པའི་པར་རིས་མི་ཉུང་བ་ཞིག་ལས་ཀྲུང་གོའི་དམག་དཔུང་གིས་འཛམ་གླིང་ལ་ཞི་བདེ་བདེ་འཇགས་ཀྱི་ཐོན་རྫས་མཁོ་འདོན་བྱེད་པའི་ཐད་ལེགས་སྐྱེས་ཧུར་ཐག་ཕུལ་བ་དང་། ཀྲུང་གོའི་དམག་མིས་ཉེན་ཁ་ཚབས་ཆེན་ཕོག་མཁན་ལ་རོགས་སྐྱོབ་དང་ཚེ་སྲོག་ལ་དགའ་གཅེས་བྱས་པ་མཚོན་ཐུབ།
     མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་ལ་ཧུར་ཐག་ཞུགས་པ་ཕུད། ཉེ་བའི་ལོ་ཤས་ནང་ཀྲུང་གོའི་དམག་དཔུང་གིས་ཡ་ཏིང་མཚོ་ཁུག་ཏུ་མཚོ་སྐྱོད་གྲུ་གཟིངས་6600ལྷག་ཙམ་ལ་མཚོ་འགྲུལ་སྲུང་སྐྱེལ་བྱས་པ་དང་། ཉེན་ཁ་ཕྲད་པའི་གྲུ་གཟིངས་70ལྷག་ཙམ་བསྐྱབས་པའམ། སྲུང་སྐྱེལ། རོགས་སྐྱོབ་བྱས་པ། ཕ་ཁི་སི་ཐན་གྱི་ས་ཡོམ་ལ་རོགས་སྐྱོབ་བྱས་པ། ཧེ་ཐེ་ཡི་ས་ཡོམ་ལ་རོགས་སྐྱོབ་བྱས་པ། MH370དུས་གཏན་གནམ་གྲུ་འཚོལ་སྐྱོབ་བྱས་པ། ཧྥི་ལི་ཕིན་གྱི་མཚོ་རླུང་དྲག་པོ“ཧེ་ཡན”ལ་རོགས་སྐྱོབ་བྱས་པ། ཨ་ཧྥེ་རི་ཁ་ནུབ་མའི་ཨེའེ་པོ་ལ་རིམས་ནད་ལ་འགོག་རྒོལ་བྱས་པ། མར་ཏི་ཝེ་ཡི་ཐན་པར་རོགས་སྐྱོབ་བྱས་པ། ནེ་པ་ལའི་ས་ཡོམ་ལ་རོགས་སྐྱོབ་བྱས་པ། ལོ་སིར་ཆུ་སྐྱོན་ཐོན་ནས་ཆུ་རགས་ཤོར་བར་རོགས་སྐྱོབ་བྱས་པ་སོགས་བྱ་སྤྱོད་མང་པོར་སྔ་རྗེས་སུ་ཞུགས་པ། ཀྲུང་གོའི་མཚོ་དམག་ཞི་བདེའི་གྲུ་གཟིངས་སྨན་ཁང་གིས་རྒྱལ་ཁབ་43ལ་འཚམས་འདྲི་བྱས་པ་ལས་རྒྱལ་ཁབ་ཁག་གི་མང་ཚོགས་མི་ཐེངས་ཁྲི་23ལ་ཕན་པ་ཐོབ་ཡོད་པ་རེད།