འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་18ཉིན།

༄༅།།སི་ཁྲོན་ཞིང་ཆེན་རྔ་བ་ཀྲོའུ་ཡི་གྲོང་མི་སྡོད་ཁང་གསར་པར་སྤོས་པ་དང་འབྲོག་པ་ཚལ་འདེབས་ཞིང་པར་གྱུར་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་18ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་། སི་ཁྲོན་ཞིང་ཆེན་རྔ་བ་རང་སྐྱོང་ཀྲོའུ་འཛམ་ཐང་རྫོང་ཕོ་སུལ་ཡུལ་ཚོ་ཡུ་ནས་ཆུང་བའི་གྲོང་ཚོའི་གྲོང་མི་ལིའུ་མུའུ་ཀུན་གྱི་ཁྱིམ་དུ། ནང་མི་ཚང་མས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཏེ་ཁྱིམ་དུ་ལོ་གསར་གཏོང་བར་ཡོང་མཁན་གྲོང་མི་ཚོ་དང་མཉམ་དུ་ཅི་འཕྲོས་མོལ་འཕྲོས་བྱེད་བཞིན་འདུག
      “ད་ལྟ་ང་ཚོའི་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་ཡོད”ཅེས་ལིའུ་མུའུ་ཀུན་གྱིས་བཤད་པ་དང་། ལོ་བཞི་བཅུ་ལྷག་ཙམ་ལ་སླེབས་པའི་ཁོང་ལུས་ཤ་རིད་ཅིང་། མི་རབས་ནས་མི་རབས་བར་རི་ཁྲོད་དུ་འཚོ་བ་བསྐྱལ་བ་དང་། རང་བྱུང་གི་ཆ་རྐྱེན་ཞན་པའི་ཁར་འགྲིམ་འགྲུལ་སྟབས་བདེ་མེད་པའི་དབང་གིས་ལོ་མང་རིང་ཁོང་ཚོའི་འཚོ་བ་སྐྱོ་པོ་ཡོད་པ་རེད། ཡིན་ནའང་། 2017ལོར་ཡུལ་གཞན་དུ་གནས་སྤོས་བྱས་རྗེས། ཁོང་གིས་རྒྱལ་ལམ་317གྱི་འགྲམ་དུ་སྨི་ངོས་གྲུ་80ཟིན་པའི་བདེ་སྡོད་ཁང་པ་བསྐྲུན་པས་སྲིད་གཞུང་གི་ཐེངས་གཅིག་རང་བཞིན་གྱི་ཁ་གསབ་སྒོར་ཁྲི་7.5བེད་སྤྱོད་རྒྱུ་བྱུང་ཡོད་ཅིང་། ཁོང་གིས“ལས་ཀ་བྱེད་པའི་དུས་ཚོད་ཁྱིམ་དུ་ལོག་པའི་ལམ་བར་དུ་འཕྲོ་བརླག་འགྲོ་རྒྱུར་སླར་ཡང་སེམས་ཁྲལ་བྱེད་དགོས་མི་འདུག”ཅེས་བརྗོད།
      ལིའུ་མུའུ་ཀུན་གྱི་སྡོད་ཁང་གསར་པའི་ནང་སྐྱོད་སྐབས། བོད་རིགས་ཀྱི་ཁང་པའི་ནང་དམིགས་སུ་ཡོད་པའི་ཐང་ཆུའི་དྲི་བསུང་ཞིག་འཐུལ་འོངས། པང་གཅལ་གཙང་མ་འཕྱིས་མ་ཐག་ཡིན་པས་སྣུམ་ཞག་དོད་པོ་ཞིག་འདུག སྐུ་མགྲོན་བཞུགས་སའི་བོད་རུམ་གསར་པ་ཡིན་པ་དང་ཐབ་ཚང་ནང་གི་ཐབ་ཆས་ཀྱང་གཙང་རྐྱང་རེད་འདུག ཁོང་གིས་ཡུལ་གཞན་དུ་གནས་སྤོས་བྱས་རྗེས། ང་རང་སྣོད་བཅུད་སྲུང་སྐྱོང་བ་བྱས་པ་ཡིན། ལོ་ལྟར་དོ་དམ་གྱི་གླ་ཆ་སྒོར་6600ལེན་རྒྱུ་འདུག ངལ་ལས་ཡོང་འབབ་དང་སྨན་རྩྭ་འཐུ་བའི་ཡོང་འབབ་བརྒྱུད་2017ལོར་ང་དང་གྲོང་ཚོ་ཡོངས་ཀྱི་དུད་ཚང་15ཡི་མི་53ཚང་མ་མཉམ་དུ་དབུལ་སྒྲོལ་ཐུབ་སོང་ཞེས་བརྗོད།
      ངོ་སྤྲོད་བྱས་པར་གཞིགས་ན། འདི་ཁུལ་དུ་ཆ་སྙོམས་ས་བབ་མཐོ་ཚད་སྨི་3500ལྷག་ཙམ་ཟིན་པ་དང་ས་བབ་མཐོ་ཤོས་སུ་སྨི་4000ལྷག་ཙམ་ཟིན་ཞིང་། འཛམ་ཐང་རྫོང་གི་ས་བབ་མཐོ་ཤོས་ཀྱི་འབྲོག་ལས་གྲོང་ཚོ་ཞིག་རེད། ས་བབ་མཐོ་བའི་གནམ་གཤིས་ཞན་པའི་ཤུགས་རྐྱེན་ཕོག་པས་གྲོང་ཚོའི་ནང་ཅུང་གཅིག་སྡུད་ཀྱི་ས་ཞིང་མུའུ་300ལྷག་ཙམ་ཡོད་མོད། འོན་ཀྱང་འབྲུ་རིགས་ཐོན་ཚད་དམའ་བས་ས་ཞིང་མང་ཆེ་བ་ཐང་རྒོད་དུ་གྱུར་བ་དང་། འབྲོག་པའི་ཡོང་འབབ་གཙོ་བོ་འབྲི་གཡག་གསོ་རྒྱུ་དང་སྨན་རྩྭ་འཐུ་རྒྱུར་བརྟེན་དགོས་ཀྱི་ཡོད།
     དབུལ་སྒྲོལ་འབབ་འཕར་ཡོང་ཆེད། 2018ལོར། སི་ཁྲོན་ཞིང་ཆེན་ཚན་རྩལ་ཐིང་གི་ལག་རྩལ་མ་དངུལ་གྱི་རོགས་རམ་འོག་ས་ཞིང་མུའུ་300ལྷག་ཙམ་ལ་སྔོ་ཚལ་འགྱིག་ཤོག་དྲོད་ཁང་ཆེ་མོ་བསྐྲུན་ཡོད་པ་རེད། མིག་སྔར། གྲོང་ཚོར་ཨོ་སུན་དང་། ཀྲོ་མ་ཀྲུ། ཚལ་སྲན། སུར་སྔོན་སོགས་སྔོ་ཚལ་སྣ་ཁ་16བཏབ་ཡོད་པ་དང་། དེའི་ནང་མུའུ་140ཡི་ཨོ་སུན་ཐོན་ཚད་སྤྱི་རྒྱ་1500ལྷག་ཙམ་ཟིན་པ་དང་། ཐོན་ཚད་བསྡོམས་འབོར་སྤྱི་རྒྱ་ཁྲི་21ལྷག་ཙམ་ཟིན་ནས་སྔོ་ཚལ་སྣ་ཁ་གཅིག་ཁོ་ནས་ལོ་རེར་ཡོང་འབབ་སྒོར་ཁྲི་40བྱུང་ཡོད་པ་རེད།
      བུད་ཁང་མདའ་གྲོང་ཚོའི་ཀྲི་པུའི་འགན་ཁུར་བས་འབྲོག་པ་ཚོའི་ད་ལྟ་སྔོ་ཚལ་འདེབས་པའི་ཧུར་སེམས་ཆེན་པོ་འདུག་ལ། འབྲོག་པ་མང་པོ་ཞིག་མཉམ་ལས་ཁང་གི་སྔོ་ཚལ་འགྱིག་ཤོག་དྲོད་ཁང་ཆེ་མོར་འདེབས་ལས་བྱས་ནས་སྔོ་ཚལ་འདེབས་པའི་ལག་རྩལ་སྦྱོང་གི་ཡོད། འབྲོག་པ་མང་པོ་ཞིག་གིས་རང་ཁྱིམ་གྱི་སྒོ་རའི་ནང་སྔོ་ཚལ་བཏབ་པ་དང་འབྲེལ‘སྔོ་ཚལ་དཔལ་འབྱོར’གྱི་དབུལ་སྒྲོལ་ཕྱུག་འགྱུར་གྱི་གོ་སྐབས་ཧུར་ཐག་སྤྱད་ཡོད་ཅེས་བརྗོད།
     ཤེས་རྟོགས་བྱུང་བར་གཞིཌ་ན། 2018ལོར་བུད་ཁང་མདའ་གྲོང་ཚོའི་སྔོ་ཚལ་མཉམ་ལས་ཁང་དང་དུད་སྦྲེལ་འབྲོག་རའི་རྣམ་གྲངས་ཆེན་པོ་གཉིས་ཀྱི་ཁེ་སྤོགས་བགོ་བཤའ་བརྒྱབ་རྗེས། དགེ་འདུན་ཚུད་པའི་གྲོང་ཚོ་ཡོངས་ཀྱི་དུད་ཚང་61གི་གྲོང་མིའི་དབུལ་ཞྭ་ཕུད་པ་རེད།
     “ང་ཚོས་འདི་ཁུལ་དུ་མཛེས་ལྗོངས་ཁུལ་བཟོ་གྲབས་ཡོད་པས་ངས་གོ་སྐབས་དེ་སྤྱད་ནས་སྔོ་ཚལ་བཏབ་པ་བརྒྱུད། མུ་མཐུད་ཡོང་འབབ་འཕར་བ་བྱེད་རྒྱུ་ཡིན”ཞེས་ལོ་གསར་པའི་རེ་འདུན་སྐོར་གླེང་སྐབས་ལོ་30ལྷག་ཙམ་ལ་སླེབས་པའི་དགེ་འདུན་གྱིས་འཛུམ་དམུལ་དམུལ་ངང་བརྗོད་པ་དང་། ལོ་གསར་པར་ཡིད་ཆེས་ཆེན་པོ་བྱེད་བཞིན་འདུག