འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་17ཉིན།

༄༅༎“ཨ་ཧྥེ་རི་ཁའི་དྲོ་སྐྱིད་ལྡན་པའི་སེམས”ཀྱི་ཀྲུང་གོའི་ཕོ་ཉ།

—— མ་ལ་ཝེར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་དྲུག་པའི་སྐོར་བཀོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་17ཉིན། 12:56】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     པི་ཏེ་འཚོ་བ་སྐྱེལ་ཡུལ་ཁ་ཏི་ཏི་གྲོང་ཚོ་ནི་མ་ལ་ཝེ་ལྷོ་རྒྱུད་ཀྱི་གྲོང་ཁྱེར་པུ་ལན་ཐེར་བྱང་རྒྱུད་ཀྱི་སྤྱི་ལེ་20ཙམ་དུ་གནས་པའི་གྲོང་ཚོ་སྤྱིར་བཏང་ཞིག་རེད། གྲོང་ཚོར་འཕྲོད་བསྟེན་ཁང་ཞིག་ཡོད་པ་དེས་ས་གནས་དེ་གའི་གྲོང་མི་ཁྲི་2.1ཙམ་ལ་སྨན་བཅོས་ཞབས་འདེགས་ཞུ་གི་ཡོད། འཕྲོད་བསྟེན་ཁང་དུ་མཁོ་ཆོད་སྨན་པ་གཉིས་རང་ལས་མེད་སྟབས་སྒོ་བསྟེན་སྨན་བཅོས་ཀྱི་ཞབས་འདེགས་ཁོ་ན་ལས་ཞུ་ཐུབ་ཀྱི་མེད་པ་མ་ཟད་ཆ་རྐྱེན་ཡང་ཧ་ཅང་སྟབས་བདེ་ཡིན་པས་སྨན་པ་དང་སྨན་ཧ་ཅང་དཀོན་པོ་ཡོད་པ་རེད། མ་ལ་ཝེར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་དྲུག་པའི་སྨན་པ་དེ་གར་འོས་འགན་སྨན་བཅོས་བྱེད་པར་ཡོང་གི་ཡོད་པ་ཐོས་སྐབས་གྲོང་མི་ཚོ་དགའ་ཐག་ཆོད་དེ་ཞོགས་པ་སྔ་པོ་ནས་འཕྲོད་བསྟེན་ཁང་དུ་བསྒུགས་ནས་བསྡད།
     ཆུ་ཚོད་4ལྷག་ཙམ་སྨན་བཅོས་བྱེད་རིང་ཀྲུང་གོའི་སྨན་པའི་མདུན་དུ་མིས་ཁེངས་པ་དང་སྨན་པ་ཚོས་ནད་པ་200ལྷག་ཙམ་ལ་བརྟག་དཔྱད་དང་། ནད་རིགས་60ལྷག་ཙམ་ལ་ནད་བརྟག་སྨན་བཅོས། སྨན་རིན་མི་དགོས་པར་སྨན་སྣ་ཁ་200ལྷག་ཙམ་སྤྲད་པ་བཅས་བྱས་པ་མ་ཟད་ད་དུང་གྲོང་མི་ཚོར་སོ་སོས་བཟོས་པའི་ཨ་ཧྥེ་རི་ཁར་རྒྱུན་དུ་ཐོན་པའི་འགོས་ནད་འགོག་བཅོས་ཀྱི་དབྱིན་ཡིག་གི་ལག་དེབ་ཀྱང་སྤྲད་པ་རེད།
     མ་ལ་ཝེ་ནི་ཨ་ཧྥེ་རི་ཁའི་ཤར་ལྷོའི་རྒྱུད་ཀྱི་སྐམ་སའི་ས་ཁུལ་དུ་གནས་པ་དང་རྟག་ཏུ་གནམ་གཤིས་དྲོ་སྐྱིད་ལྡན་པས། མི་འཚོ་གནས་ལ་འཚམ་པ་དང་དེ་བཞིན་ས་གནས་དེ་གའི་དམངས་སྲོལ་གཞུང་དྲང་ལ་བབ་ཆགས་པ་ཞིག་ཡོད་པས“ཨ་ཧྥེ་རི་ཁའི་དྲོ་སྐྱིད་ལྡན་པའི་སེམས”ཞེས་བརྗོད་ཀྱི་ཡོད། དེ་ནི་འཛམ་གླིང་ཐོག་ཆེས་དབུལ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་ལ་འཛམ་གླིང་ཡོངས་ཀྱི་ཨེ་ཙེའི་ནད་འགོས་ཚད་དང་འདར་ནད་མང་ཤོས་ཐོན་པའི་རྒྱལ་ཁབ་ཀྱི་གྲས་ཤིག་ཀྱང་རེད། 2008ལོར་ཀྲུང་གོ་སྲིད་གཞུང་གིས་མ་ལ་ཝེར་སྨན་བཅོས་རུ་ཁག་ཐོག་མ་དེ་མངགས་པ་རེད། ད་བར་ཀྲུང་གོའི་སྨན་བཅོས་རུ་ཁག་མ་ལ་ཝེ་ཡི་མི་སེར་ཚོའི་ཁྲོད་དུ་གནས་པ་དང་ཁོང་ཚོའི་ངོས་ནས་བརྗོད་ན་སྨན་བཅོས་རུ་ཁག་གི་སྨན་པ་ཚོ་ནི་ཀྲུང་གོ་ནས་སླེབས་པའི་ལྷ་རྗེ་རེད།
     མ་ལ་ཝེ་ནི་ཨེ་ཙེའི་ནད་དང་། འདར་ནད། གློ་ནད་སོགས་འགོས་ནད་མང་པོ་ཐོན་པའི་ཁུལ་ཞིག་ཡིན་པ་དང་། སྨན་བཅོས་རུ་ཁག་གི་རུ་མི་ཚོས་ནད་ཐོག་སྨན་བཅོས་ཀྱི་ལས་འགན་ལྕི་པོ་དེ་ཁུར་བ་མ་ཟད། ད་དུང་ལས་རིགས་ཀྱི་ཉེན་ཁ་དང་སེམས་ལ་གནོན་ཤུགས་ཆེན་པོ་སྤྲོད་བཞིན་ཡོད་པ་རེད། སྨན་བཅོས་རུ་ཁག་གི་རུ་དཔོན་ཧྥན་ཅང་པོས་རུ་མི་ཚོས་འགོས་ནད་སྨན་བཅོས་བྱེད་རིང་ལག་པར་ཁབ་ཟུག་ནས་རྨ་བཟོས་རྗེས་རང་ཉིད་ལ་ཁ་པར་རྒྱག་སྐབས་ཀྱི་སེམས་འཚབ་དང་ག་བྱེད་འདི་བྱེད་མེད་པ་དག་སེམས་ལ་གསལ་པོ་ངེས་ཡོད་པ་རེད། མ་ལ་ཝེ་ཡི་སྨན་བཅོས་ཁོར་ཡུག་དཀའ་ཚེགས་ཆེ་བའི་ཁྲོད་སྨན་བཅོས་རུ་ཁག་གི་རུ་མི་ཚོས་ལས་ཀའི་ཞོར་དུ་རྒྱུད་རོགས་འཁྲིད་གསུམ་ལ་དེ་བས་སྣང་ཆེན་བྱས་ཏེ་ཨ་ཧྥེ་རི་ཁའི་ལས་རོགས་ཚོར་སྔོན་ཐོན་གྱི་སྨན་བཅོས་ལག་རྩལ་སློབ་པ་མ་ཟད། ད་དུང་དམངས་ཚོགས་དཀྱུས་མ་ཚོར་ནད་ཡམས་འགོག་བཅོས་ཀྱི་ཤེས་བྱ་སྣ་ཚོགས་ཁྱབ་གདལ་གཏོང་བར་གཞོལ་བས་ས་གནས་དེ་གར་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་པ་རེད།
     ཀྲུང་གོའི་སྨན་བཅོས་རུ་ཁག་གི་འབད་བརྩོན་དང་བློས་གཏོང་མ་ལ་ཝེ་ཡི་མི་དམངས་ཚོས་ཚོར་བ་མ་ཟད། སེམས་ལ་བརྟན་པོ་ངེས་ཡོད་པ་རེད། མ་ལ་ཝེ་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཀྲུང་མའི་སྨན་བཅོས་མཉམ་ལས་ཀྱི་ད་ཆའི་གནས་ཚུལ་དང་དེ་བཞིན་མདུན་ལམ་བྲིས་ནས་གཏོང་སྤེལ་བྱས་པ་རེད། མ་ལ་ཝེ་ཡི་གཞུང་ཕྱོགས་སྨྱན་སྦྱོར་ཆེ་ཤོས་དང་ཤུགས་རྐྱེན་ཆེ་ཤོས་ཀྱི་ཚགས་པར་དང་། ཆེད་སྒྲིག་པར་ངོས། དུས་དེབ་སོགས་སུ་ཀྲུང་གོའི་སྨན་བཅོས་རུ་ཁག་གི་རིགས་གཅིག་མཁས་ཅན་གྱིས་ཨ་ཧྥེ་རི་ཁའི་སྐམ་ས་ཆེ་མོར་སྲོག་སྐྱོབ་སྨན་བཅོས་བྱས་པའི་བླ་ན་མེད་པའི་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་སྙིང་སྟོབས་ལ་བསྔགས་བརྗོད་བྱས་པ་རེད།
     ཁ་ཏི་ཏི་གྲོང་ཚོའི་འོས་འགན་སྨན་བཅོས་བྱ་ཡུལ་དུ་མ་ལ་ཝེ་ཡི་བུད་མེད་དང་། བྱིས་པ། དབང་པོ་སྐྱོན་ཅན་བཅས་དང་སྤྱི་ཚོགས་ཕན་བདེ་པུའི་པུའུ་ཀྲང་སའེ་ཤིས་ལི་ཡ·ཁྲ་ཀྲ་མ་ཡིས་སེམས་འགུལ་ཚད་མེད་ཐེབས་པའི་ངང“ཀྲུང་གོའི་གྲོགས་པོ་ཚོས་མ་ལ་ཝེ་ཡི་དམངས་ཚོགས་ཀྱི་དཀའ་སྡུག་སེམས་ལ་བཞག་ཡོད། ད་རེས་ཀྱི་འོས་འགན་སྨན་བཅོས་ནི་མ་ཀྲུང་མཛའ་གྲོགས་དང་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་སྙིང་སྟོབས་གང་ལེགས་མངོན་པ་ཞིག་ཡིན་པས་ང་ཚོའི་ཀྲུང་གོའི་གྲོགས་པོ་ཚོར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་བཤད།