འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་16ཉིན།

༄༅༎དཔྱིད་གསར་དུས་ཆེན་རིང་པོ་ལི་ཝེ་ཡའི་རྒྱ་བྲ་ཀྲུང་གོའི་གསོལ་ལྕོག་སྟེང་གི་ཟས་གསར་ཞིག་ཏུ་གྱུར་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་16ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འབྲས་ཏོག་འདྲ་བའི་རྒྱ་བྲར་ཚོན་མདོག་དཀར་ནག་དམར་གསུམ་ཡོད། ཨན་ཏི་སི་རི་རྒྱུད་ནས་ཐོན་པའི་རྒྱ་བྲ་དེས་ཀྲུང་གོའི་མི་སེར་གྱི་དཔྱིད་གསར་དུས་ཆེན་རིང་གི་གསོལ་ལྕོག་ཕུན་སུམ་ཚོགས་སུ་བཏང་ཡོད། 2018ལོའི་ཟླ་12ཚེས་7ཉིན་ཀྲུང་གོར་ཕྱིར་གཏོང་བྱས་པའི་ཁག་དང་པོའི་པོ་ལི་ཝེ་ཡའི་རྒྱ་བྲ་དེ་ཀྲུང་གོའི་ལུགས་རྙིང་ཕག་ལོའི་དཔྱིད་གསར་དུས་ཆེན་གོང་ཀྲུང་གོའི་ཁྲོམ་རར་འཚོང་རྒྱུ་བྱུང་ཡོད།
     པོ་ལི་ཝེ་ཡ་ནི་རྒྱ་བྲ་གཙོ་ཐོན་ཁུལ་གྱི་གྲས་ཤིག་ཡིན་ཞིང་། པོ་ལི་ཝེ་ཡའི་རྒྱལ་ཡོངས་རྒྱ་བྲ་ཐོན་སྐྱེད་བྱེད་མཁན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ནཱར་ཤུན·ཕེ་ལེ་སིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་ན་ནིང་ཟླ་12པར་ཀྲུང་གོར་ཕྱིར་གཏོང་བྱས་པའི་རྒྱ་བྲ་ཁག་དང་པོ་རླངས་འཁོར་ནང་བླུགས་པའི་གནས་ཚུལ་ཕྱིར་དྲན་བྱས་ཤིང་། ཉིན་དེ་པོ་ལི་ཝེ་ཡའི་རྒྱ་བྲ་ཐོན་སྐྱེད་བྱེད་མཁན་གྱི་ངོས་ནས་བརྗོད་ན་བརྗེད་པར་དཀའ་བའི་ཉིན་ཞིག་རེད། གང་ལགས་ཤེ་ན། ཉིན་དེར་པོ་ལི་ཝེ་ཡས་ཡུལ་དེར་ལོ་ངོ་སྟོང་ཕྲག་འདེབས་འཛུགས་བྱས་པའི་ཞིང་ནང་སྐྱེ་དངོས་ཀྲུང་གོར་ཕྱིར་གཏོང་བྱེད་ཐེངས་དང་པོ་ཡིན་པས་རེད་ཅེས་བཤད་པ་རེད།
     ཕེ་ལེ་སིས་རྒྱ་བྲ་སྨྱན་བྱད་དུ་བྱས་ཏེ་པོ་ལི་ཝེ་ཡའི་འདེབས་འཛུགས་བྱེད་མཁན་དང་། ལས་མི། ཐོན་སྐྱེད་ཁེ་ལས་བཅས་ཀྱིས་ས་མཐོའི་སྐྱེ་དངོས་འདི་རིགས་ཕྱིར་གཏོང་བྱས་ནས་ཀྲུང་གོའི་ཉིན་རེ་བཞིན་སྒོ་དབྱེ་རྒྱ་ཆེར་འགྲོ་བའི་ཁྲོམ་ར་ཆེན་པོ་ཤེས་རྟོགས་ཐུབ་ཡོད། པོ་ལི་ཝེ་ཡས་ཀྲུང་གོར་ཕྱིར་གཏོང་བྱས་པའི་རྒྱ་བྲ་ཁག་དང་པོའི་བསྡོམས་འབོར་ཏུན་40ཟིན་པ་དང་། ན་ནིང་ལོ་མཇུག་བར་པོ་ལི་ཝེ་ཡར་ད་དུང་བཀར་འཇུག་རྒྱ་བྲ་ཏུན་4ཙམ་ཕྱིར་གཏོང་བྱེད་ཆོག་གི་ཡོད་པས་ཀྲུང་གོའི་ཁྲོམ་ར་ཆེན་པོས་རྒྱ་བྲ་ཐོན་སྐྱེད་བྱེད་མཁན་ལ་སྔར་བྱུང་མྱོང་མེད་པའི་གོ་སྐབས་འཕྲད་ཡོད་ཅེས་བཤད།
     པོ་ལི་ཝེ་ཡའི་ཙུང་ཐུང་མོ་ལ་ལེ་སིས་ན་ནིང་ཟླ་12པར་རྒྱ་བྲ་རླངས་འཁོར་ནང་བླུགས་པའི་མཛད་སྒོའི་ཐོག་པོ་ལི་ཝེ་ཡའི་ས་མཐོའི་རྒྱ་བྲ་ཀྲུང་གོར་ཕྱིར་གཏོང་བྱེད་པར་སྐུལ་འདེད་གཏོང་བའི་ཐད་ཀྲུང་གོས་འབད་བརྩོན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བརྗོད།
     པོ་ལི་ཝེ་ཡའི་གཞུང་ཕྱོགས་ཀྱིས་མཁོ་འདོན་བྱས་པའི་ཆ་འཕྲིན་ལ་གཞིགས་ན། པོ་ལི་ཝེ་ཡ་སྲིད་གཞུང་གིས་རང་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁེ་ལས་ལ་ཀྲུང་གོ་ཕྱོགས་ཀྱི་བརྟག་བཤེར་དང་ནད་ཡམས་བརྟག་ཞིབ་ཀྱི་ཚད་གཞིར་བརྩི་སྲུང་ནན་པོ་ཞུས་ཏེ་ཀྲུང་གོར་ཕྱིར་གཏོང་བྱེད་པའི་ཐོན་རྫས་ཀྱི་སྤུས་ཚད་འགན་ལེན་བྱས་ནས་པོ་ལི་ཝེ་ཡའི་ལྗང་མདོག་སྣོད་བཅུད་ཐོན་རྫས་ཀྱི་གཟུགས་བརྙན་བཟང་པོ་འདོན་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།