འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་15ཉིན།

༄༅༎བོད་བྱང་ཐང་ནས་གནས་སྤོ་བྱས་པའི་འབྲོག་པས་དབུལ་སྐྱོར་ཁུལ་གསར་དུ་ལོ་གསར་བཏང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་15ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ལྷ་ས་གྲོང་ཁུལ་ནས་ནུབ་ཕྱོགས་ཀྱི་སྤྱི་ལེ་27གྱི་སར་གནས་པའི་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་ཤང་རོང་དམར་ས་བབ་མཐོ་བའི་སྣོད་བཅུད་གནས་སྤོས་ས་ཚིགས་སུ་བོད་བྱང་ཐང་གི་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་སྒོར་གཞས་ཉིན་འགའ་ཞིག་བསྟུད་མར་འཁྲབ་ནས་འདི་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ལ་རྣམ་པ་གསར་རྐྱང་ཞིག་བསྣན།
     སྒོར་གཞས་འཁྲབ་མཁན་ནི་རོང་དམར་ཤང་ནས་གནས་སྤོ་བྱས་པའི་འབྲོག་པ་དག་རེད།
     རོང་དམར་ཤང་ནི་བོད་ཀྱི་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་ཁོངས་ཀྱི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དབུས་ཁུལ་དུ་ཆགས་པ་དང་། རྒུ་རུམ་ཤང་དང་བར་ཐག་སྤྱི་ལེ་སྟོང་ཆོད་པ། ཆ་སྙོམས་ས་བབ་མཐོ་ཚད་སྨི་5000ཟིན་པ། དབུལ་སྒྲོལ་ཤིན་ཏུ་དཀའ་བ་བཅས་ཀྱི་ཤང་ཞིག་རེད།
     2018ལོའི་ཟླ་དྲུག་པར་རོང་དམར་མི་དམངས་ཀྱི་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་དེ་བཞིན་སྲུང་སྐྱོང་ཁུལ་གྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་འཚོ་གནས་བྱ་ཡུལ་སྔར་ལས་ལེགས་པ་ཞིག་མཁོ་འདོན་བྱ་ཆེད། སྲིད་གཞུང་གི་སྒྲིག་འཛུགས་འོག་རོང་དམར་བ་ཚོ་རང་ཡུལ་ནས་ས་བབ་སྨི་3800ཡོད་པའི་རྒུ་རུམ་ཤང་དུ་སྤོས། རོང་དམར་གྱི་ས་བབ་མཐོ་བའི་སྣོད་བཅུད་གནས་སྤོས་ནི་བོད་ཀྱི་ས་བབ་མཐོ་བའི་སྣོད་བཅུད་གནས་སྤོས་རྣམ་གྲངས་ཐོག་མ་དེ་རེད།
     ཕྱི་རྩིག་དཀར་ལ་ཐོག་སྟེང་དམར་བའི་ཐོག་སོ་ཉིས་ལྡན་གྱི་བོད་ཁང་སྟར་པ་མང་པོ་ཞིག་ཡོད་པ་ནི་གནས་སྤོས་འབྲོག་པའི་ཁྱིམ་རེད། འབྲོག་པ་མགོན་པོ་དང་ཕ་ཡུལ་གཅིག་པ་ཚོས་འདིར་གཞན་དང་མི་འདྲ་བའི་ལོ་གསར་ཞིག་བཏང་།
     མགོན་པོའི་ཁྱིམ་དུ་སྐྱོད་སྐབས། ཚོམས་ཆེན་གྱི་ཅོག་ཙེ་རིང་པོའི་ཐོག་ཚགས་ཤ་དང་། ལུག་ཤ ཤིང་འབྲས། བཏུང་བཅའ་ལ་སོགས་སྣ་ཚོགས་བཤམས། བོད་བཟོའི་ཆ་སྒམ་ཐོག་ལོ་གསར་གྱི་རྟེན་འབྲེལ་རྫས་སྣ་སྟེ། སྡེར་ཁ་དང་ཕྱེ་མར་སོགས་ཀྱང་སྒྲིག་གཤོམ་རྒྱས་པར་བྱས་པ་ལས་ལོ་གསར་གྱི་རྣམ་པས་ཁེངས། “འཛིན་ཆས་གསར་པ་དེ་དག་ནི་ལོ་གསར་གོང་དུ་ངས་སྒོར་ཁྲི་4ཙམ་བཏང་ནས་ཉོས་པ་ཡིན”ཞེས་མགོན་པོས་སྤྲོ་བ་འཕེལ་བཞིན་བཤད།
     ལོ་53ལ་སླེབས་པའི་མགོན་པོ་ནི་རོང་དམར་ཤང་ཁོངས་ཀྱི་གཙང་ཆུ་གྲོང་ཚོ་ནས་ཡིན་ཞིང་། ནང་མི་ཁྱོན་ལྔ་ཡོད་པའི་མགོན་པོའི་ཁྱིམ་ནི་མི་རབས་ནས་མི་རབས་བར་ཕྱུགས་རིགས་འཚོས་ནས་འཚོ་ཐབས་བྱེད་མཁན་འབྲོག་པ་འབྲོག་རྐྱང་ཞིག་རེད།
     ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་གཟིགས་སྐྱོང་སྲིད་ཇུས་ཀྱི་ཕན་པ་ཐོབ་པའི་འོག རང་གིས་དངུལ་སྒོར་ཁྲི་3བཏང་ནས་མགོན་པོ་དང་བཅས་པའི་ནང་མི་ཚང་མ་ལྷ་སའི་ཉེ་འཁོར་དུ་གནས་པའི་སྨི་ངོས་གྲུ་120ཡོད་པའི་བོད་བཟོའི་ཁང་པའི་ནང་སྡོད་རྒྱུ་བྱུང་།
     “འདི་ལོའི་ལོ་གསར་དང་སྔོན་མ་རོང་དམར་དུ་ལོ་གསར་བཏང་བ་གཉིས་མི་འདྲ་བ་གང་འདུག་གམ”
     “དེ་སྔོན་རོང་དམར་དུ་སྡོད་སྐབས། ཕྱུགས་རིགས་འཚོ་བར་སྐྱོད་དགོས་པས་སྤུན་མཆེད་ཚོ་ཁ་གྲམ་ནས་སྡོད་ཀྱི་ཡོད། ལོ་གསར་གཏོང་བའི་དུས་སུའང་འཛོམས་དཀའ། ད་ཆ་ཁུལ་གཅིག་ཏུ་སྡོད་ཀྱི་ཡོད་པས་གང་དུས་འཛོམས་འཛོམས་རེད་འདུག”ཅེས་དང“རོང་དམར་དུ་ཆ་མཚོན་ན། སྔོན་མ་ལོ་གསར་འཆར་རིམ་བཞིན་སྤྱི་ལེ་100ལྷག་ཙམ་གྱི་སར་ལོ་གསར་གྱི་ཉོ་ཆ་རྒྱག་པར་སྐྱོད་དགོས་མོད། འོན་ཀྱང་ད་ཆ་འདིར་ཟས་སྣ་འཛོམས་ལ་སོས་པ་ཡོད་པ་མ་ཟད། སྟབས་བདེ་པོའང་འདུག”ཅེས་མགོན་པོས་དགའ་ཚོར་ཆེན་པོའི་ངང་བཤད།
     སྐུ་མགྲོན་ཚོར་མཆོད་ཆང་བཀྱག་རྗེས་མགོན་པོས་སྐུ་མགྲོན་ཚོ་ཐོག་སོ་ཉིས་ཐོག་གི་ཤེལ་ཁང་ནང་གདན་དྲངས།
     མགྲོན་དུ་ཡོང་བའི་དེ་སྔའི་རོང་དམར་ཤང་འཕྲོད་བསྟེན་ཁང་གི་སྨན་པ་བསྟན་འཛིན་ཚེ་རྒྱལ་གྱིས་མགོན་པོའི་མཐོང་རྒྱ་ཆེ་ཞིང་དྲོ་སྐྱིད་ལྡན་པའི་ཤེལ་ཁང་འདིར་བསྔགས་བརྗོད་ཡང་ཡང་བྱས་པ་དང་ཆབས་ཅིག་གནས་སྤོས་ས་ཚིགས་ཀྱི་འཚོ་བ་གསར་པ་ཡག་པོ་ཡོད་ལུགས་མང་པོའང་བཤད་པ་སྟེ། “གཞན་པ་ཤོད་དགོས་མི་འདུག ངའི་ལས་ཀར་ཆ་མཚོན་ན་དངོས་འབྲེལ་ཉུང་དུ་ཕྱིན་འདུག རོང་དམར་ནི་ས་བབ་མཐོ་བའི་གནས་ཤིག་ཡིན་པས་མང་ཚོགས་མང་པོར་ས་མཐོའི་ནད་སྣ་ཚོགས་ཕོག་ཡོད། ཁུལ་གསར་དུ་སྤོས་རྗེས་ནད་བསྟེན་པར་ཡོང་མཁན་ཉུང་དུ་ཕྱིན་པ་དཔེར་ན། ལོ་བདུན་ཅུ་ལྷག་ཙམ་ལ་སླེབས་པའི་སྟོབས་རྒྱལ་ཁྲག་ཤེད་མཐོ་བའི་ནད་ཀྱིས་ཡུན་རིང་མནར་ཞིང་། གཟའ་འཁོར་རེར་ཉུང་མཐར་ཡང་སྨན་ཆུ་ཐེངས་གཅིག་བླུགས་དགོས་ཀྱི་ཡོད། ཡིན་ནའང་ཁུལ་གསར་དུ་སྤོས་རྗེས་ཁྲག་ཤེད་ཆག་ལ་གཟུགས་གཞི་ཡང་ཐང་དུ་སོང་འདུག”
     གྲོང་མི་བྱང་ཆུབ་དབང་མོས“ཐོག་མར་གནས་འདིར་སྤོ་སྐབས་ཕྱིས་སུ་འཚོ་བ་ཇི་འདྲ་བྱས་ནས་སྐྱེལ་དགོས་སྙམ་ནས་སེམས་ཁྲལ་ཆེན་པོ་བྱུང་། འདིར་སླེབས་རྗེས་སྲིད་གཞུང་གིས་ངོ་སྤྲོད་གནང་བ་བརྒྱུད། ངར་བཟོ་ལས་ཁུལ་ནས་ལས་ཀ་ཞིག་རག་བྱུང་། ང་དང་ཟླ་བོ་གཉིས་ལ་ལོ་ཕྱེད་ལ་ཡོང་འབབ་སྒོར་ཁྲི་4ལྷག་ཙམ་བྱུང་བས་ལོ་གསར་སྐྱིད་པོ་ཞིག་གཏོང་རྒྱུ་ཡོང་ངེས་ཡིན”ཞེས་བཤད།
     ཚང་མས་འཚང་ཁ་ཤིག་ཤིག་ངང་བཤད་པའི་གཏམ་ལས་རོང་དམར་ཤང་གི་ཤང་ཀྲང་གཞོན་པ་ཚེ་རིང་བསྟན་འཛིན་ལ་དྲོ་སོབ་སོབ་ཀྱི་ཚོར་སྣང་ཞིག་བྱུང་། ཁོང་གིས“ང་ཚོར་དེ་རིང་ལྟ་བུའི་འཚོ་བ་སྐྱིད་པོ་འདི་འདྲ་ཞིག་སྐྱེལ་རྒྱུ་བྱུང་བ་ནི་ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོ་ལས་བྱུང་བ་ཞིག་ཡིན། ལོ་གསར་པའི་ནང་ཚང་མས་རང་རང་སོ་སོའི་ལས་ཀ་ཡག་པོ་བྱས་ནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་པ་ཞིག་སྐྱེལ་རྒྱུ་ཡོང་བ་བྱེད་དགོས”ཞེས་བཤད།