འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་15ཉིན།

༄༅༎རང་རྒྱལ་གྱིས་འདེབས་འཛུགས་ཀྱི་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་མ་གཏིང་ཟབ་གཏོང་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་15ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་13ཉིན་གློག་འཕྲིན་འབྱོར་གསལ། 2019ལོར་རང་རྒྱལ་གྱིས་འདེབས་འཛུགས་ཀྱི་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་མ་གཏིང་ཟབ་བཏང་ནས་ཐོན་ཟོག་ཁ་ཐང་བ་མཁོ་སྤྲོད་བྱེད་ཚད་མང་དུ་གཏོང་རྒྱུ་རེད། འདེབས་འཛུགས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱེད་པའི་གཙོ་གནད་ནི་མ་རྨོས་ལོ་ཏོག་ལེགས་སྒྲིག་གི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་སྤུས་ཞན་ཕན་ཆུང་ཁུལ་དང་ས་འོག་གི་ཆུ་ཚད་ལས་བརྒལ་ནས་བཏོན་པའི་ཁུལ་གྱི་ཆུ་འབྲས་དང་གྲོའི་རྒྱ་ཁྱོན་ཉུང་དུ་འོས་འཚམ་བཏང་སྟེ་སྲན་ཆེན་དང་སྣུམ་རྒྱུ་ཐོན་སྐྱེད་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་དེ་རེད། 
     དེ་ནི་གསར་འགོད་པར་ཚེས་13ཉིན་འཚོགས་པའི་རྒྱལ་ཡོངས་ཀྱི་དཔྱིད་དུས་ཀྱི་ཞིང་ནང་གཡོག་བྱེད་དང་དཔྱིད་རྨོད་དཔྱིད་གྲབས་ལས་དོན་གྱི་བརྙན་ལམ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ཞིག་རེད། 
     དཔྱིད་འདེབས་ནི་ལོ་ཧྲིལ་པོའི་ཞིང་ལས་ཐོན་སྐྱེད་ཀྱི་དོན་ཆེན་ཞིག་ཡིན་པས་ལོ་ཧྲིལ་པོའི་ཞིང་ལས་ལོ་ཏོག་འདེབས་ཁྱོན་གྱི་50%ཙམ་བཟུང་ཡོད་པས་དེ་ནི་ལོ་ཏོག་འདེབས་ཤུལ་བཀོད་སྒྲིག་དང་འདེབས་འཛུགས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱེད་པའི་མཚམས་ཚིགས་གལ་ཆེན་ཞིག་ཀྱང་རེད། 
     ཞིང་ལས་དང་གྲོང་གསེབ་པུའི་པུའུ་ཀྲང་ཧན་ཁྲང་པིང་གིས་ཚོགས་འདུའི་ཐོག་“ཟོར་བ”སོགས་མ་རྨོས་ལོ་ཏོག་འདེབས་པའི་ལེགས་ཆ་ལྡན་མེད་པའི་ཁུལ་གྱི་ལོ་ཏོག་གི་གྲུབ་ཆ་མུ་མཐུད་བཟང་སྒྲིག་བྱས་ནས་ཆ་རྐྱེན་ཞན་པ་དང་ཐོན་ཚད་དམའ་ཞིང་བརྟན་པོ་མེད་པའི་མ་རྨོས་ལོ་ཏོག་འཕྲལ་དུ་ཉུང་དུ་གཏོང་བ་མ་ཟད། མ་རྨོས་ལོ་ཏོག་ཐོན་སྐྱེད་ཀྱི་བྱེད་ནུས་ཁུལ་དང་ལེགས་ལྡན་ཁུལ་གྱི་ཐོན་ཚད་གོང་མཐོར་བཏང་སྟེ་མཁོ་སྤྲོད་ཁྱོན་ཡོངས་བརྟན་པོ་ཡོང་བ་བྱེད་དགོས། གཙང་གསུམ་ཐང་གཤོངས་ཀྱི་ས་འོག་ཆུ་ཚད་ལས་བརྒལ་ནས་བཏོན་པའི་ཁུལ་གྱི་ཁྲོན་ཆུ་ཞིང་འདྲེན་བྱ་རྒྱུ་ཉུང་དུ་གཏོང་ཤུགས་ཆེ་རུ་གཏོང་དགོས། སྲན་ཆེན་དར་སྤེལ་གཏོང་བའི་འཆར་གཞི་ལག་ལེན་བསྟར་འགོ་བཙུགས་ཏེ་བྱང་ཤར་ས་ཁུལ་གྱིས་མ་རྨོས་ལོ་ཏོག་དང་སྲན་ཆེན་ཐོན་སྐྱེད་བྱེད་མཁན་ལ་ཁ་གསབ་དང་རེས་མོས་ཁ་གསབ་སྤྲོད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་སྲན་ཆེན་རྒྱ་ཆེ་འདེབས་པའི་ཞིང་པའི་ཧུར་སེམས་སྐོང་འཐེན་བྱེད་དགོས། ཧོང་ཧའེ་དང་ཧོའེ་ཧའེ་ས་ཁུལ་གྱིས་གྲོ་སྲན་གཉིས་སྨིན་རེས་འདེབས་འཛུགས་ཁྱབ་གདལ་གཏོང་རྒྱུར་སྐུལ་ལྕག་གཏོང་དགོས། ལྷོ་ནུབ་ས་ཁུལ་གྱིས་ཡུལ་བབ་དང་བསྟུན་ནས་མ་རྨོས་ལོ་ཏོག་དང་སྲན་ཆེན་སྤེལ་འདེབས་ཁྱབ་གདལ་བཏང་ནས་བཟའ་བཅའི་སྲན་ཆེན་སྤུས་ལེགས་འཕེལ་རྒྱས་གཏོང་དགོས་ཞེས་བརྗོད་པ་རེད།