འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་15ཉིན།

༄༅༎ནང་སོག་ཏ་ཤིང་ཨན་ལིང་ནགས་ཁུལ་དུ་ལོ་20ཡི་རིང་ནགས་སའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་138ཆེ་རུ་ཕྱིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་15ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་ཧུའུ་ཧོ་ཧའོ་ཐེ་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ནང་སོག་ཏ་ཤིང་ཨན་ལིང་གི་གཙོ་གནད་རྒྱལ་ཁབ་ནགས་ཚལ་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། རྒྱལ་ཁབ་ནགས་ལས་ཅུས་ཀྱིས་རྒྱལ་ཡོངས་ཀྱི་ནགས་ཚལ་ཐོན་ཁུངས་རྒྱུན་མཐུད་གཙང་བཤེར་ཐེངས་དགུ་པའི་གྲངས་གཞི་ཡོངས་བསྒྲགས་བྱས་པ་ལས་མངོན་དོན། 1998ལོ་ནས་2018ལོའི་ལོ་20ཡི་རིང་ནང་སོག་ཏ་ཤིང་ཨན་ལིང་གི་གཙོ་གནད་རྒྱལ་ཁབ་ནགས་ཁུལ་གྱི་ནགས་སའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་138.74ཆེ་རུ་ཕྱིན་ཡོད་པ་རེད།
     ནགས་ཚལ་ཐོན་ཁུངས་གཙང་བཤེར་ཐེངས་དགུ་པའི་གྲངས་གཞི་ལས་མངོན་དོན། ནང་སོག་ཏ་ཤིང་ཨན་ལིང་ནགས་ཁུལ་གྱི་ནགས་སའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་1029.60དང་། ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང་ཁྲི་837.02 ནགས་ཚལ་ཁྱབ་ཚད་78.39%བཅས་ཟིན་གྱི་ཡོད། ཤིང་ནགས་བསྡོམས་སྨི་རྒྱ་དཔང་དུང་ཕྱུར་10.33ཡོད་པ་དང་། ནགས་ཚལ་བསྡོམས་སྨི་རྒྱ་དཔང་དུང་ཕྱུར་9.41ཡོད། ནགས་ཚལ་རྒྱ་ཁྱོན་གྱིས་རང་སྐྱོང་ལྗོངས་ཀྱི་32%བཟུང་གི་ཡོད་པས། རང་རྒྱལ་གྱི་གཙོ་གནད་གཞུང་ཁོངས་ནགས་ཁུལ་ཆེ་ཤོས་ཡིན་པ་རེད། 1998ལོ་དང་བསྡུར་ན་རྒྱལ་ཁབ་ཀྱིས“རང་བྱུང་ནགས་ཚལ་སྲུང་སྐྱོབ་ལས་གཞི”ལག་ལེན་བསྟར་བའི་ལོ་20ཡི་རིང་ནགས་སའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་138.74ཆེ་རུ་ཕྱིན་པ་དང་། ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང་ཁྲི་99.45ཆེ་རུ་ཕྱིན་པ། ནགས་ཚལ་ཁྱབ་ཚད་བརྒྱ་ཆའི་གྲངས་9.25ཆེ་རུ་ཕྱིན་པ། ནགས་ཚལ་སྨི་རྒྱ་དཔང་དུང་ཕྱུར་3.01མང་དུ་ཕྱིན་པ། ཤིང་ནགས་སྨི་རྒྱ་དཔང་དུང་ཕྱུར་2.66མང་དུ་ཕྱིན་ནས། ནགས་ས་དང་། ནགས་ཚལ་རྒྱ་ཁྱོན། ཤིང་ནགས་བསྡོམས་འབོར། ཁྱབ་ཚད་བཅས་རྒྱུན་མཐུད་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། ནགས་ཚལ་གྱི་ཞེང་ཚད་དང་། སྟུག་ཚད། སྤྱི་ཆིང་གི་ཤིང་སྡོང་གྲངས་འབོར། སྤྱི་ཆིང་གི་གསོག་ཚད་སོགས་དམིགས་ཚད་ཚང་མ་འཕར་བ་དང་། ཤིང་ནགས་འཚར་སྐྱེའི་སྤུས་ཚད་ལེགས་སུ་ཕྱིན་པ། རང་བྱུང་ནགས་ཀྱི་ཐོན་ཁུངས་མགྱོགས་མྱུར་འཕར་བ་བཅས་རང་བྱུང་ནགས་སྲུང་སྐྱོབ་ལས་གཞིའི་ཕན་འབྲས་མངོན་གསལ་དོད་པོ་ཡོད་པ་རེད།
     མིག་སྔར་ནང་སོག་ཏ་ཤིང་ཨན་ལིང་གི་གཙོ་གནད་གཞུང་ཁོངས་ནགས་ཁུལ་གྱིས་ཏ་ཤིང་ཨན་ལིང་ནགས་ཁུལ་ཧྲིལ་པོའི་རྒྱ་ཁྱོན་གྱི་47%བཟུང་ཡོད། ས་ཁོངས་དེར་རང་བྱུང་ནགས་དང་འདམ་རའི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རི་སྐྱེས་རྩྭ་རྩི་ཤིང་སྣ་ཁ་མང་བས། སྣོད་བཅུད་ཀྱི་ནུས་པ་ཧ་ཅང་མངོན་གསལ་དོད་པོ་ཡོད། ཡངས་པའི་ནགས་ཚལ་ཁྲོད་ནས་རི་སྐྱེས་རྩྭ་རྩི་ཤིང་སྣ་ཁ་1848དང་རྒྱལ་ཁབ་ཀྱི་རིམ་པ་དང་པོ་དང་གཉིས་པའི་བདག་ཏུ་མ་བཟུང་བའི་གཙོ་གནད་སྲུང་སྐྱོབ་སྲོག་ཆགས་72ཤེས་རྟོགས་ཐུབ་པ་དང་། རིམ་པ་དང་པོ་དང་གཉིས་པའི་གཙང་པོ་984འདི་ནས་བཞུར་བཞིན་ཡོད། དེའི་ནགས་ཚལ་སྣོད་བཅུད་མ་ལག་ཀྱིས་ཆུ་རྩ་གསོ་འཁྱོངས་དང་། ས་རྒྱུ་ལེགས་གཏོང་། ཐཱན་འདུས་ནས་གསོ་རླུང་བཟོ་བ། ཁོར་ཡུག་གཙང་བཟོ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སོགས་ལ་ནུས་པ་གལ་ཆེན་ཐོན་གྱི་ཡོད་པས། དེ་ནི་རང་རྒྱལ་བྱང་ཤར་གྱི་ཐང་གཤོངས་དང་། ཧྭ་པེ་ཐང་གཤོངས། ཧུའུ་ལོན་པེ་ཨར་རྩྭ་ཐང་སོགས་ཀྱི་སྣོད་བཅུད་སྲུང་ཡོལ་གལ་ཆེན་གཞན་གྱིས་ཚབ་བྱེད་ཐབས་བྲལ་བ་ཞིག་ཡིན་ལ། རང་རྒྱལ་བྱང་ཤར་གྱི་འབྲུ་མཛོད་ཆེ་མོའི་བདེ་འཇགས་འགན་ལེན་དང་གྲངས་ཉུང་མི་རིགས་ས་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཡང་ནུས་པ་གལ་ཆེན་དང་ཤུགས་རྐྱེན་ཆེན་པོ་ལྡན་ཡོད།