འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་15ཉིན།

༄༅༎བརྙན་ལམ་ནང་གི་ལོ་གསར་གནམ་གང་གི་གསོལ་སྟོན།

—— ཀྲུང་གོའི་ལག་རྩལ་ཆེ་མོ་བས་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་དབུ་ཚོགས་ལ་གཡས་གཞོགས་གཡོན་འདེགས་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་15ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ལོ་གསར་སྐབས་ཨེ་ཙེ་ཨོ་ཕི་ཡའི་རྒྱལ་ས་ཨེ་ཏི་སི་ཨ་པ་པར་ཧྲི་ཡུང་ཀྲེང་གིས་ཟ་འདོད་ཆེ་ཤོས་བྱེད་པ་ནི་ཁོང་གི་ཕ་ཡུལ་ཐེན་ཅིན་དུ་རྟག་ཏུ་མཐོང་རྒྱུ་ཡོད་པའི་ཁྱད་ལྡན་ཟས་རིགས་ཀོ་པཱ་ཚལ་ཡིན་པ་རེད།
     ལོ་29ལ་སླེབས་པའི་ཧྲི་ཡུང་ཀྲེང་ནི་ཀྲུང་གོས་རོགས་སྐྲུན་བྱས་པའི་ཨ་ཧྥེ་རི་ཁའི་མནའ་འབྲེལ་ཚོགས་འདུའི་ལྟེ་གནས་ཀྱི་རྣམ་གྲངས་ལག་རྩལ་ཚོགས་ཆུང་གི་ལག་རྩལ་ཆེ་མོ་བ་ཡིན་པ་དང་། ཨ་ཧྥེ་རི་ཁའི་མནའ་འབྲེལ་ཚོགས་འདུའི་ལྟེ་གནས་ནི་ཀྲུང་གོས་ཨ་ཧྥེ་རི་ཁར་རོགས་སྐྲུན་བྱས་པའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་གྲས་ཤིག་རེད།
     ལོ་ལྟར་ཀྲུང་གོའི་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་ཨ་ཧྥེ་རི་ཁའི་མནའ་འབྲེལ་གྱིས་དབུ་ཚོགས་ཀྱི་ཚོགས་འདུ་རབ་དང་རིམ་པ་འཚོགས་པའི་དུས་སྐབས་ཡིན་ལ། ལག་རྩལ་ཚོགས་ཆུང་ལས་བྲེལ་ཆེ་ཤོས་ཀྱི་དུས་སྐབས་ཀྱང་རེད། རྒྱལ་ཟླ་འཆར་བ་དང་ཕ་ཡུལ་དུ་ལོ་གསར་གྱི་རྣམ་པ་ཟབ་མོད། ཧྲི་ཡུང་ཀྲེང་གི་ལས་ཀ་ཇེ་མང་དུ་ཕྱིན་ནས་ཉམས་བཟོའི་ཁ་པར་འབྱོར་མ་ཐག་ཁོང་གིས་ལྟོ་ཆས་ཀྱང་ཟ་ཁོམ་མེད་པར་ལས་ཀ་བྱེད་དགོས་ཀྱི་ཡོད།
     ཉིན་མཚན་བལྟོས་མེད་དུ་ལས་ལ་བྲེལ་བའི་ཧྲི་ཡུང་ཀྲེང་ལ་ཟླ་2ཚེས་4ཉིན་གྱི་གནམ་གང་ཉིན་མོར་གཞི་ནས་ཁྱིམ་མི་དང་བརྙན་ལམ་ནས་ཁ་བརྡ་གློད་པའི་ཁོམ་པ་བྱུང་བ་དང་དེ་དུས་ཁྱིམ་མི་ཚང་མ་རུབ་རུབ་ངང་ལོ་གསར་གནམ་གང་དགོང་མོའི་ལྟོ་ཆས་ཟ་བཞིན་ཡོད་པ་རེད། རྣམ་ཀུན་ལག་རྩལ་ཚོགས་ཆུང་གི་ལྟོ་ཆས་ཡག་པོ་ཡོད་མོད། འོན་ཀྱང་བརྙན་ལམ་ནས་གསོལ་སྟོན་གྲ་རྒྱས་པོ་དེ་འདྲ་མཐོང་སྐབས་ཁོང་གིས་དགའ་ཤོས་བྱེད་པའི་ཀོ་པཱ་ཚལ་ཟ་འདོད་ཆེན་པོ་སྐྱེས། འདི་ལོ་ནི་ཁོང་ཁྱིམ་དུ་ལོ་གསར་གཏོང་ཁོམ་མ་བྱུང་བའི་ལོ་དང་པོ་དེ་རེད།
     ཧྲི་ཡུང་ཀྲེང་གིས“ཐོག་མར་ཨ་ཧྥེ་རི་ཁར་རྒྱུན་སྡོད་བྱེད་པ་ནི་རང་ཉིད་ལ་ཞུན་བརྡར་བྱ་ཆེད་རེད། འོན་ཀྱང་དུས་ཡུན་ལོ་གཅིག་འགྲོ་སྐབས་དངོས་གནས་ནང་མི་ཧ་ཅང་དྲན་གྱི་འདུག”ཅེས་བཤད།
     ཉིན་དེར་ཁོང་གིས་གྲོགས་ཚོགས་སུ་ཨ་ཧྥེ་རི་ཁའི་མནའ་འབྲེལ་ཚོགས་འདུའི་ལྟེ་གནས་ཀྱི་ཨ་སྔོན་འོག་བརྒྱབ་པའི་འདྲ་པར་ཞིག་བསྐུར་ནས་ཡུལ་ལུང་མང་པོས་བར་ཆོད་པའི་གཉེན་ཉེ་དུ་ཚོར་ལོ་གསར་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུས། མཚན་མོ་ལག་རྩལ་ཚོགས་ཆུང་བཅའ་སྡོད་བྱ་ཡུལ་དུ་ཚང་མས་ལྒང་བཞུ་དམར་པོ་བཀལ་བ་དང་རྟེན་འབྲེལ་མཚོན་བྱེད་ཆ་ཡིག་སྦྱར་བ་མ་ཟད། ་སྤོ་བདེའི་ཁང་པའི་ནང་ཚོན་ལྡན་དར་སྐུད་ལས“དཔྱིད་གསར་དུས་ཆེན་དགའ་གཏོང་བྱེད”པའི་ཡིག་འབྲུ་བཟོས་པ་དང་ཚང་མ་རུབ་རུབ་བྱས་ཏེ་ལྟོ་ཆས་ཟ་བཞིན་དུ་པེ་ཅིང་གི་དུས་ཚོད་ལུགས་རྙིང་ལོའི་ལོ་གསར་གྱི་ཅོང་སྒྲ་གྲགས་རྒྱུར་བསྒུགས།
     ལོ་གསར་གྱི་གནམ་གང་དེ་ལྟ་བུ་ནི་ལོ་54ལ་སླེབས་པའི་ཀྲང་སུའོ་ཤིན་གྱི་ངོས་ནས་གཏོང་ཐེངས་བདུན་པ་ཡིན་ཞིང་། 2012ལོར་ཚོགས་འདུའི་ལྟེ་གནས་དེ་ཨ་ཧྥེ་རི་ཁའི་མནའ་འབྲེལ་ཕྱོགས་ལ་བདེ་བླག་ངང་རྩིས་སྤྲད་པ་དང་འབྲེལ་འཁོར་རྒྱུག་བྱེད་འགོ་ཚུགས་རྗེས་དུས་ཐེངས་དང་པོའི་ལག་རྩལ་ཚོགས་ཆུང་གི་ཁོངས་མི་ཀྲང་སུའོ་ཤིན་གྱིས་ད་བར་ཨེ་ཏི་སི་ཨ་པ་པར་རྒྱུན་སྡོད་བྱས།
     ཨ་ཧྥེ་རི་ཁའི་མནའ་འབྲེལ་གྱི་དབུ་ཚོགས་ཚོགས་འདུ་རབ་དང་རིམ་པ་འཚོག་རིང་ལག་རྩལ་ཚོགས་ཆུང་གིས་ཚོགས་རའི་གློག་དང་། ཆུ་མཁོ་སྤྲོད་དང་གཤོང་འབུད། མེ་ཟོན། རླུང་འགྲོ་སོགས་ཀྱི་ལས་དོན་ཚང་མར་འགན་ལེན་བྱེད་དགོས་ཀྱི་ཡོད། ཚོགས་ཆུང་ཡོངས་ཀྱི་ཁོངས་མི་21གིས་ཉིན་ལྟར་ཆུ་ཚོད་དྲུག་པ་ནས་ལས་འགོ་བཙུགས་ཏེ་མཚན་གུང་བར་སྡོད་པ་དང་ལ་ལས“དེ་གར་ལས་ཀ་བྱས་ཚེ་དཔྱིད་གསར་དུས་ཆེན་འཆར་རིམ་བཞིན་གཟུགས་པོའི་ཤ་རྒྱ་མ་གསུམ་སྐེམ་གྱི་ཡོད”ཅེས་ཀུ་རེའི་ཚུལ་གྱིས་ཤོད་ཀྱི་ཡོད།
     ཟླ་2ཚེས་10ཉིན། ཨ་ཧྥེ་རི་ཁའི་མནའ་འབྲེལ་གྱི་འགོ་གཙོའི་ཚོགས་འདུ་སྐབས་32པ་འགོ་བཙུགས་པ་དང་དེ་ཉིན་གྱི་ཚོགས་འདུའི་གྲོས་རིམ་ནི་སྔོན་དཔག་གི་དུས་ཚོད་ལས་ཆུ་ཚོད་གཉིས་ལྷག་ཙམ་གྱིས་འགོར་བ་ཡོད་སྟབས་ཧྲི་ཡུང་ཀྲེང་གིས་ཚོགས་ར་གཙོ་བོའི་གློག་གི་སྒྲིག་ཆས་ཉམས་བཟོ་ཟིན་སྐབས་མཚན་མོའི་ཆུ་ཚོད་10པ་ཟིན་མོད་གྲལ་བཤེར་གྱི་ལས་དོན་ད་དུང་མཇུག་འགྲིལ་མེད།
     ཧྲི་ཡུང་ཀྲེང་གིས“ངའི་ལས་ཀར་ནོར་འཛོལ་ཕྲན་བུ་བྱུང་ཚེ་ཕྱི་ཉིན་ཚོགས་རའི་ནང་གི་འཐུས་མིས་རྒྱུན་གཏན་ལྟར་ཚོགས་འདུ་ཉན་མི་ཐུབ”ཅེས་བཤད།
     ཀྲང་སུའོ་ཤིན་གྱིས“དབུ་ཚོགས་འཚོག་རིང་ནུས་ཤུགས་ཡོད་རྒུས་ལས་དོན་སྤེལ་བ་ལས་ནོར་འཛོལ་གཏན་ནས་ཤོར་མི་རུང”ཞེས་བཤད།
     ལག་རྩལ་ཚོགས་ཆུང་གི་ཙུའུ་ཀྲང་པི་ཏུང་ཧྲེང་གིས། ལག་རྩལ་སློབ་པ་ནི་དུས་ཐེངས་ཚང་མའི་ཀྲུང་གོ་ཕྱོགས་ཀྱི་ལག་རྩལ་ཚོགས་ཆུང་གི་ལས་ཀའི་ནང་དོན་གལ་ཆེན་ཡིན་ཞིང་། སྐབས་འདིའི་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་དབུ་ཚོགས་གྲོལ་རྗེས་ལག་རྩལ་ཚོགས་ཆུང་གིས་ཟླ་3པ་ནས་6པ་བར་ཨ་ཧྥེ་རི་ཁའི་མནའ་འབྲེལ་ཕྱོགས་ཀྱི་འཐབ་ཕྱོགས་དང་པོའི་བཀོལ་སྤྱོད་པ་དང་ཉམས་བཟོའི་བཟོ་པར་གསོ་སྦྱོང་དང་དུས་མཚུངས་དུས་སྒོ་ངེས་མེད་ངང་ཆེད་དོན་དངོས་སྤྱོད་སློབ་ཚན་འཚོག་རྒྱུ་རེད། “ང་ཚོས་དཔེ་མཁྱུད་གཏན་ནས་མེད་པའི་ངང་ལག་རྩལ་སློབ་ཀྱི་ཡིན”ཞེས་བཤད།
     ཚེས་11ཉིན། དབུ་ཚོགས་གྲོལ་བ་དང་དེ་རྗེས་ཚེས་12ཉིན་ཨ་ཧྥེ་རི་ཁའི་མནའ་འབྲེལ་ཚོགས་འདུའི་ལྟེ་གནས་སུ་སླར་ཡང་ཨ་ཧྥེ་རི་ཁའི་མནའ་འབྲེལ་དང་། མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་བཅས་ཀྱིས་ཐུན་མོང་ཐོག་གཉེར་བའི་རྒྱལ་སྤྱིའི་བཟའ་བཅའི་བདེ་འཇགས་ཚོགས་འདུ་འཚོག་རྒྱུ་རེད། ཧྲི་ཡུང་ཀྲེང་དང་ཁོང་གི་ལས་རོགས་ཚོས“ཀྲུང་གོའི་རོགས་སྐྲུན”ཞེས་མཚོན་རྟགས་འཁོད་པའི་ལས་གོས་མུ་མཐུད་གྱོན་ནས་ཀྲུང་ཧྥེའི་མཛའ་གྲོགས་ཀྱི་མཚོན་རྟགས་ཨ་ཧྥེ་རི་ཁའི་མནའ་འབྲེལ་ཚོགས་འདུའི་ལྟེ་གནས་སུ་བྲེལ་བརྩོན་ཆེན་པོ་བྱ་ངེས།
     ཧྲི་ཡུང་ཀྲེང་གིས། རང་ཉིད་ཀྱི་ལས་དོན་ཡག་པོ་བསྒྲུབས་ཚེ་གྲུབ་འབྲས་ཐོབ་ཚོར་ཆེན་པོ་འདུག་ཅེས་བཤད།