འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་15ཉིན།

༄༅༎ཕྱི་འབྲེལ་པུའི་མགྲིན་ཚབ་པས་བསྟན་དོན། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཐད་ཀྲུང་གོ་ཕྱོགས་ཀྱིས་
མི་གཞན་ལ་བཙན་ཤེད་གཏན་ནས་བྱ་མི་སྲིད།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་15ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་འབྲེལ་ཡོད་རྒྱལ་ཁབ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་རིང་ཀྲུང་གོ་ཕྱོགས་ཀྱིས་མི་གཞན་ལ་བཙན་ཤེད་གཏན་ནས་བྱེད་མི་མྱོང་ལ“དང་ལེན་བྱེད་ཐབས་བྲལ་བའི་ཆ་རྐྱེན”ཟེར་བའི་གནོན་ཤུགས་ཀྱང་སྤྲོད་མྱོང་མེད། རྣམ་གྲངས་ཚང་མ་ཕྱོགས་ཁག་གིས་འདྲ་མཉམ་ཐོག་གྲོས་མཐུན་བྱས་པའི་འབྲས་བུ་ཤ་སྟག་རེད་ཅེས་གསུངས།
     དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས《རྒྱ་གར་གྱི་སི་ཐན་སྐབས་དོན་ཚགས་པར》ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གར་གྱི་ཕྱི་འབྲེལ་པུའུ་ཡི་ཞིབ་འཇུག་སྙན་ཞུ་ཞིག་གི་ནང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་རྒྱལ་ཁབ་ཁག་ལ་སྤྲད་པའི་དང་ལེན་བྱེད་ཐབས་བྲལ་བའི་ཆ་རྐྱེན་བསྐྱར་ལོག་ཚབས་ཆེན་བྱེད་བཞིན་ཡོད་ཅེས་བཀོད་ཡོད་ཅེས་དྲིས། དོན་དེར་ཧྭ་ཁྲུན་ཡིང་གིས་རྒྱ་གར་ཕྱོགས་ཀྱི་སྙན་སྒྲོན་ནང་བཏོན་པའི་རྣམ་གྲངས་ཁ་ཤས་ཀྱི་གནས་ཚུལ་ཚང་མ་དོན་དངོས་དང་མཐུན་མེད། དཔེར་ན། ཕ་ཁི་སི་ཐན་ཏི་ཡ་སྨིར་པ་ཧྲ་རགས་ཆེན་གྱི་རྣམ་གྲངས་དེ་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་རྣམ་གྲངས་གསལ་ཐོར་བཀོད་མེད་པ་དང་། ནེ་པ་ལའི་ཤི་སའེ་ཐི་ཆུ་གློག་གི་རྣམ་གྲངས་ནི་ཚོང་ལས་ཀྱི་རྣམ་གྲངས་ཤིག་ཡིན་པས་འབྲེལ་ཡོད་ཁེ་ལས་ཀྱིས་དཔལ་འབྱོར་ཆོག་འཐུས་རང་བཞིན་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ལ་གྲོས་བསྡུར་བྱེད་བཞིན་ཡོད། ཀྲུང་གོའི་མཚོ་ཁུག་ཀུང་སི་བྷང་ག་ལའི་རྒྱལ་ཁབ་སྲིད་གཞུང་གིས་ཐོ་གཞུང་ནག་པོར་བཀོད་པའི་དོན་དེ་ངས་ཤེས་གསལ་ལྟར་ན་དེ་ཡང་དོན་དངོས་དང་མི་འཚམ་པ་ཞིག་རེད་ཅེས་གསུངས།
     ཁོང་གིས། མིག་སྔར་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་150ལྷག་ཙམ་གྱིས་ཀྲུང་གོ་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པ་དང་མཉམ་ལས་རྣམ་གྲངས་འབོར་ཆེན་ཞིག་རྩ་བ་ཚུགས་ནས་འབྲས་བུ་སྨིན་ཏེ། ལམ་རྒྱུད་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད། “རྒྱུད་གཅིག་ལམ་གཅིག”ཚང་མས་དགའ་བསུ་ཐོབ་པའི་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་སུ་གྱུར་ཡོད་ལ། རྒྱལ་སྤྱིའི་མཉམ་ལས་ཀྱི་ལས་སྟེགས་གལ་ཆེན་ཞིག་ཏུའང་གྱུར་ཡོད། མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ནི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་རྨང་གཞིའི་ངེས་ལུགས་ཤིག་རེད། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་རྒྱལ་ཁབ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་རིང་ཐོག་མཐའ་བར་གསུམ་དུ་འདྲ་མཉམ་དང་། སྒོ་དབྱེ། ཁ་གསལ་བཅས་མཐའ་འཁྱོངས་བྱས་ནས་ཁྲོམ་རའི་ཆོས་ཉིད་དང་རྒྱལ་སྤྱིའི་སྒྲིག་སྲོལ་བཞིན་ལས་དོན་བསྒྲུབས་ཡོད་ཅེས་གསུངས།
     “རྣམ་གྲངས་ལ་ལར་གནས་སྐབས་དཀའ་ངལ་ལམ་ཡང་ན་གནད་དོན་ཕྲད་པ་དེས་འབྲེལ་ཡོད་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོན་པའི‘རྒྱུད་གཅིག་ལམ་གཅིག’མཉམ་ལས་ཀྱི་དགེ་མཚན་ལྡན་པའི་ནུས་པར་འགྱུར་ལྡོག་གཏོང་མི་ཐུབ་པ་དེ་ནི་རྒྱ་ཁྱབ་ངང་དགའ་བསུ་ཐོབ་པའི་དོན་དངོས་ཤིག་རེད”ཅེས་ཧྭ་ཁྲུན་ཡིང་གིས་གསུངས།
     ཁོང་གིས། འདི་ལོ་ཀྲུང་གོས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པ་གཉེར་མཁན་རེད། ཀྲུང་གོ་ཕྱོགས་ཀྱིས་ད་ཐེངས་ཀྱི་གླེང་སྟེགས་གཉེར་བ་བརྒྱུད། ཕྱོགས་ཁག་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”གི་མཉམ་སྐྲུན་འཕེལ་རིམ་ལ་ཕྱོགས་སྡོམ་བྱས་ཏེ། འབྱུང་འགྱུར་མཉམ་ལས་ཀྱི་འཆར་གཞི་བཀོད་ནས་སྤུས་ཚད་དེ་བས་མཐོ་བ་དང་། ཆུ་ཚད་དེ་བས་མཐོ་བ། ཚད་གཞི་དེ་བས་མཐོ་བ་བཅས་ཀྱི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་རེ་བ་ཡོད་ཅེས་གསུངས།